མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་འཐུས་མིས་ཞི་བའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བར་གྲོས་སྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-06 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་དང་ཕ་ལེ་སི་ཐན། དབྱི་སི་རལ་བཅས་ཀྱི་གྲོས་མོལ་འཐུས་མིས་ཚེས་དྲུག་ཉིན་ཡེ་ལུའུ་ས་ལུན་ནས་གྲོས་མོལ་བྱས་ཏེ། མིག་སྔར་ཉེན་ཁའི་གནས་སུ་ལྷུང་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་དེ་སྐྱོབ་པར་བརྩོན་ལེན་བྱེད་རྒྱུ་རེད་ཟེར།

ཕ་ལེ་སི་ཐན་གྱི་དཔོན་རིགས་དེས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་འཐུས་མིས་ཚེས་བཞི་ཉིན་ཡེ་ལུའུ་ས་ལུན་ནས་ཞི་བའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བའི་ཐད་ནས་གསང་བའི་གྲོས་མོལ་བྱས་མོད། ཡིན་ནའང་གྲོས་ཆོད་བཀོད་མེད་པས། ཚེས་དྲུག་ཉིན་ཡང་བསྐྱར་ཐུག་འཕྲད་བྱེད་རྒྱུའི་ཐག་བཅད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན་གྲོས་མོལ་འདི་དག་ཚང་མ་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་ཆེད་མངགས་ཕོ་ཉ་་མ་ཏེན་དབྱིན་ཏིས་ཁི་ཡིས་རྩ་འཛུགས་བྱས་པ་རེད་ཟེར། དཔོན་རིགས་དེས་ཨ་མེ་རི་ཁས་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་མཚམས་འཇོག་རྒྱུ་ཞེས་བཤད་དེ་ཕ་ལེ་སི་ཐན་ལ་གནོན་ཤུགས་བྱིན་མིན་ཐད་ནས་ལན་མ་བཏབ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཞི་ཉིན་མཱོ་ལོ་ཀི་ལ་འཚམས་འདྲི་བྱེད་སྐབས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་རིན་ཡོད་མེད་ཐད་ནས་དཔྱད་འཇོག་བྱེད་བཞིན་ཡོད་ཅེས་བཤད། ཁི་ལེ་ཡིས་མིག་སྔར་ཨ་མེ་རི་ཁའི་སྲིད་གཞུང་གིས་དེ་དང་འདྲ་བའི་གནད་དོན་གལ་ཆེན་མང་བོ་ཐག་གཅོད་དགོས་ཏེ། དཔེར་ན་ཨུ་རུ་སི་ལ་ཝུའུ་ཁི་ལན་གྱི་གནད་དོན་སྐོར་ནས་གྲོས་མོལ་བྱེད་རྒྱུ་དང་། དབྱི་ལང་ལ་ཉིང་རྡུལ་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ། ད་དུང་སི་རི་ཡའི་གནད་དོན་སོགས་རེད། གལ་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉི་ག་འཛུགས་སྐྲུན་རང་བཞིན་གྱི་བྱེད་ཐབས་སྤྱོད་པར་འཐད་པ་མིན་ན། ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་འདིའི་ཐད་འཕྲོ་བརླག་བྱེད་པའི་དུས་ཚོད་དང་འབད་བརྩོན་ལ་ཚད་ཡོད་ཅེས་བཤད།

ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཚེས་གཅིག་ཉིན། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཟླ་བརྒྱད་ཀྱི་རིང་མཚམས་བཞག་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཆིངས་སུ་ཞུགས་པའི་རེ་ཞུ་དེ་ཡང་བསྐྱར་སྤེལ་མགོ་བརྩམས་ནས། དབྱི་སི་རལ་གྱིས་བཙོན་བཀག་བྱས་ཡོད་པའི་མཇུག་མཐའི་ཕ་ལེ་སི་ཐན་པ་རྣམས་ཕྱིར་གཏོང་བའི་དམ་བཅའ་ལག་བསྟར་བྱེད་མ་ཐུབ་པར་རྒོལ་ལན་སྤྲད་པ་ཡིན་ཞེས་བསྒྲགས། ཚེས་གཉིས་ཉིན་ཕ་ལེ་སི་ཐན་ཕྱོགས་ཀྱིས་དཔོན་ཕྱོགས་ཀྱི་རེ་ཞུ་ཡི་གེ་བཅོ་ལྔ་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ལ་སྤྲད། དེའི་རྗེས་སུ་དབྱི་སི་རལ་ཕྱོགས་ཀྱི་དབུ་བཞུགས་གྲོས་མོལ་འཐུས་མི་ལེ་ཧྥུའུ་ཉི་ཡིས་ཚེས་གསུམ་ཉིན་ཕ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་སྤྱི་ཆིངས་དང་ཆིངས་ཡིག་བཅོ་ལྔར་ཞུགས་རྒྱུའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བས། དབྱི་སི་རལ་གྱིས་བཙོན་བཀག་བྱས་པའི་མཇུག་མཐའི་ཕ་ལེ་སི་ཐན་པ་རྣམས་ཕྱིར་གཏོང་མི་སྲིད་ཅེས་བསྒྲགས།

ཨ་མེ་རི་ཁའི་སྐུལ་འདེད་འོག་ཏུ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་དེ་ན་ནིང་གི་ཟླ་བདུན་པར་ཡང་བསྐྱར་སྤེལ་བ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཀྱིས་གྲོས་ཆོད་བཀོད་ནས་ཕ་ལེ་སི་ཐན་ཕྱོགས་ཀྱིས་གནས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སུ་ཞུགས་རྒྱུའི་རེ་ཞུ་མཚམས་འཇོག་རྒྱུ་དང་། དབྱི་སི་རལ་ཕྱོགས་ཀྱིས་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་པ་བརྒྱ་དང་བཞི་བོ་སྐོར་བཞི་བྱས་ཏེ་ཕྱིར་གཏོང་རྒྱུར་འཐད་པ་བྱུང་། ཡིན་ནའང་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་ཞི་བའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བར་འཐད་པ་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་བཙོན་བཀག་བྱས་པའི་མཇུག་མཐའི་ཕ་ལེ་སི་ཐན་པ་ཉེར་དྲུག་ཕྱིར་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག