མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་མང་བོ་བྱུང་ནས་མི་དོན་དྲུག་ཤི་རྨས་བཟོས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-06 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་མང་བོ་བྱུང་ནས། ཉུང་མཐར་ཡང་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་ལྔར་རྨས་ཕོག་ལ། ཤི་རྨས་བྱུང་བའི་མི་མང་བོ་ནི་བདེ་འཇགས་དམག་དཔུང་གི་དམག་མི་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་རེད་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཤི་རྨས་ཀྱི་གནས་ཚུལ་ཆེས་ཚབས་ཆེ་བའི་དོན་རྐྱེན་འགའ་དབྱི་རག་གི་ནུབ་ཕྱོགས་ཀྱི་ཨན་པ་ཨར་ཞིང་ཆེན་ནས་བྱུང་། ཞིང་ཆེན་དེའི་གྲོང་ཁྱེར་གཙོ་བོ་ཧྥེ་ལུའུ་ཅེ་ཉེ་འདབས་ཀྱི་ཅ་མ་གྲོང་རྡལ་ནས། སྲིད་གཞུང་དམག་གིས་གྲོང་རྡལ་དེར་སྔོག་བཤེར་བྱེད་སྐབས། ཁང་བ་ཞིག་གློ་བུར་དུ་འགས་གཏོར་བྱུང་ནས། ཉུང་མཐར་ཡང་དམག་མི་བཅོ་ལྔ་རྐྱེན་དུ་ཤོར། ཞིང་ཆེན་དེའི་གྲོང་ཁྱེར་གཙོ་བོ་ལཱ་མ་ཏིས་དང་དེའི་ཉེ་འདབས་ཀྱི་ཧ་ཏིས་ཡ་གྲོང་རྡལ་ནས། དབྱི་རག་གི་བདེ་འཇགས་དམག་དཔུང་དང་མིང་ལ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་ཟེར་བའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པར་དོགས་པའི་དྲག་ཆས་མི་སྣའི་བར་དུ་འཐབ་འཁྲུག་དྲག་པོ་བྱུང་བ་དང་། བདེ་འཇགས་དམག་དཔུང་གིས་མཇུག་མཐར་དྲག་ཆས་མི་སྣ་བཅུ་བདུན་བསད་པ་དང་། དྲག་ཆས་མི་སྣ་བཅོ་བརྒྱད་རྨས་ལ། ཉེན་རྟོག་པ་གཉིས་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ས་དེའི་ཚོ་ཁག་གི་དྲག་ཆས་མི་སྣ་གཉིས་འཐབ་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར། དེས་མི་ཚད་མི་སེར་ཞིག་ལ་ཧྥེ་ལུའུ་ཅེ་ནས་སྒྱོགས་མདེལ་ཕོག་སྟེ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཟེར།

ད་ལོའི་ཟླ་དང་བོ་ནས་ད་བར་དུ། ཧྥེ་ལུའུ་ཅེ་ས་ཆ་དེ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་རྩ་འཛུགས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོ་ཁག་གི་དྲག་ཆས་པའི་བདག་འཛིན་གྱི་འོག་ཏུ་ཡོད་ལ། དབྱི་རག་བདེ་འཇགས་དམག་དཔུང་གིས་ཧྥེ་ལུའུ་ཅེ་གྲོང་ཁྱེར་གྱི་ཕྱི་རོལ་ནས་བཀག་སྡོམ་བྱས་ཡོད། ཨན་པ་ཨར་ཞིང་ཆེན་ནི་སི་རི་ཡ་དང་འབྲེལ་ཡོད་ལ། དེའི་མཐའ་མཚམས་ཕལ་ཆེར་བྱེ་ཐང་ཡིན་པས། རྟེན་གཞི་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་དེ་རུ་འགུལ་སྐྱོད་མང་བོ་སྤེལ་བཞིན་ཡོད།

དེས་མི་ཚད་རྒྱལ་ས་པ་ཀི་ཏ་དང་ཤར་ཕྱོགས་ཀྱི་ཏིས་ཡ་ལ་ཞིང་ཆེན་སོགས་ས་ཆ་མང་བོ་ནས་ཀྱང་བདེ་འཇགས་དམག་དཔུང་ལ་དམིགས་པའི་དྲག་ཤུགས་འཇབ་རྒོལ་མང་བོ་བྱུང་ནས། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག དེ་ལས་གཞན་ཉེན་རྟོག་ཕྱོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་ས་དེའི་མགོ་བ་ཞིག་བསད།

ན་ནིང་གི་ལོ་སྟོད་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་སྟེ་བདེ་འཇགས་གནས་བབ་ཚབས་ཇེ་ཆེར་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ཁྲོད་ནས་བསྡོམས་པས་མི་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མི་སྟོང་བདུན་དང་བརྒྱད་བརྒྱ་བཅོ་བརྒྱད་མི་སེར་ཡིན་ལ། གཞན་ཡང་མི་ཁྲི་གཅིག་དང་སྟོང་བརྒྱད་ལ་རྨས་ཕོག ཉེ་བའི་ལོ་འགའི་རིང་ལ་ཤི་རྨས་ཀྱི་གྲངས་ཀ་ཆེས་མང་བའི་ལོ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག