མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ལྷོ་ཕྱོགས་ནས་ཁྱིམ་རྒྱུད་བར་དུ་འཁྲུག་རྩོད་བྱུང་ནས་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-06 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱི་སྨྱན་བྱད་གཏོར་དབྱིབས་མཆོད་རྟེན་ཚགས་པར་སྟེང་ཚེས་ལྔ་བཀོད་པའི་གསར་འགྱུར་ལྟར་ན། ཨེ་ཅིབ་ཀྱི་ལྷོ་ཕྱོགས་ནས་ཉིན་དེར་ཁྱིམ་རྒྱུད་བར་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་ལྔར་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་ཞིང་ཆེན་གྱི་ཕན་ཚུན་དགྲ་ཟླར་གྱུར་ཏེ་ཡུན་རིང་འགོར་བའི་ཁྱིམ་རྒྱུད་གཉིས་བར་ཚེས་བཞི་ཉིན་འཐབ་འཁྲུག་བྱུང་ནས། མི་གསུམ་རྐྱེན་ལམ་དུ་ཤོར། ཚེས་ལྔ་ཉིན་གྱི་ཞོགས་པར་ཁྱིམ་རྒྱུད་དེ་གཉིས་བར་དུ་ཡང་བསྐྱར་འཐབ་འཁྲུག་བྱུང་བ་དང་། ཕྱོགས་གཉིས་ཀྱིས་སྦག་སྦག་མེ་མདའ་དང་འགད་རྫས་བླུགས་པའི་དམ་བུ་སོགས་བཀོལ་ནས་ཕ་རོལ་བར་རྒོལ་རྡུང་བྱས་པས། མི་སྣ་མང་བོ་ཤི་རྨས་བྱུང་བ་དང་། ཁང་བ་བཅུ་ཕྲག་འགའ་བརླགས། དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་དུ་འཕྱུར་འབར་མདེལ་བཀོལ་ནས་འཁྲུག་རྩོད་བྱེད་བཞིན་པའི་མི་ཚོགས་ལ་བཀག་འགོག་བྱས་པ་མ་ཟད། འཁྲུག་རྩོད་ཡང་བསྐྱར་འབྱུང་བར་དོགས་ཟོན་བྱས།

གནས་ཚུལ་དེ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཐབ་འཁྲུག་དྲག་པོ་བརྒྱབ་པས་མྱུར་སྐྱོབ་རླངས་འཁོར་ཡང་རེ་ཞིག་ལ་འཐབ་འཁྲུག་རྒྱག་སར་རྨས་མ་སྐྱོབ་པར་འགྲོ་མ་ཐུབ་ལ། ཉེན་རྟོག་ཕྱོགས་ཀྱིས་ཉེ་འདབས་ཀྱི་མང་ཚོགས་ས་གཞན་ལ་འབྲོ་རུ་བཅུག་པ་མ་ཟད། ཉེ་འདབས་ཀྱི་ཁྲོམ་ར་ཆེན་པོ་ཞིག་གི་སྒོ་བརྒྱབ་ཟེར།

དོན་རྐྱེན་དེ་བྱུང་རྗེས། ཨེ་ཅིབ་གནས་སྐབས་སྲིད་གཞུང་གི་ཙུང་ལི་མཱ་ཧི་ལའེ་པུའུ་ནང་སྲིད་དཔོན་པོ་དང་། ས་གནས་དང་སྲིད་འཛིན་འཕེལ་རྒྱས་དཔོན་པོ་སོགས་དང་མཉམ་དུ་ཨ་སི་ཝང་ལ་དོན་དག་དེ་ཐག་གཅོད་པར་སོང་།

ཨེ་ཅིབ་ཀྱི་ལྷོ་ཕྱོགས་ནས་ཁྱིམ་རྒྱུད་ཁ་ཤས་ཀྱིས་ཁྲིམས་ལུགས་སྣང་མེད་དུ་བཞག་སྟེ་དྲག་ཤུགས་ལ་བརྟེན་ནས་འགལ་བ་ཐག་གཅོད་བཞིན་ཡོད་མོད། ཡིན་ནའང་མི་བཅུ་ཕྲག་འགའ་ཤི་རྨས་བཟོས་པའི་དོན་རྐྱེན་འདི་ལྟ་བུ་མཐོང་དཀོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག