མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་བ་རེད་ཅེས་སྐྱོན་བརྗོད་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-05 10:52

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཁྲའོ་ཞན་གྱི་འཐུས་མི་གཞོན་པ་ལིས་ཏུང་རི་ཡིས་ཚེས་བཞི་ཉིན་ཉིག་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་བ་རེད་ཅེས་སྐྱོན་བརྗོད་བྱས་པ་མ་ཟད། ཨ་མེ་རི་ཁ་ཁྲའོ་ཞན་གྱིས་གཏན་ལ་ཕབ་པའི་རྟགས་ཚད་ལས་བརྒལ་མི་རུང་ལ། གལ་ཏེ་བརྒལ་ཚེ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་།

ལིས་ཏུང་རི་ཡིས་ཉིན་དེའི་སྔ་དྲོར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་གནས་སྐབས་ཀྱི་གསར་འགོད་པའི་ཚོགས་འདུ་བསྡུས། ཁོས་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཚབས་ཇེ་ཆེར་གྱུར་པའི་འགན་དེ་ཨ་མེ་རི་ཁས་འཁུར་དགོས་ཏེ། ད་ལོར་ཁྲའོ་ཞན་གྱིས་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་གཏོང་ཆེད་འབད་བརྩོན་ལྷོད་མེད་དང་དཀའ་ངལ་ཁྱད་བསལ། སེམས་རྒྱ་ཆེན་པོ་བཅས་ཀྱི་སྒོས་ནས་འབད་བརྩོན་བྱས་མོད། ཡིན་ནའང་ཨ་མེ་རི་ཁས་དེ་སྣང་མེད་དུ་བཞག་ནས་སྔར་བཞིན་བཙན་འཛུལ་རང་བཞིན་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་མ་ཟད། དམག་སྦྱོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཚབས་ཇེ་ཆེར་གྱུར་བའི་རྒྱུ་མཚན་ནི་ཨ་མེ་རི་ཁས་བསམ་བཞིན་དུ་ཛ་དྲག་གི་གནས་བབ་ཚབས་ཇེ་ཆེར་གཏོང་བ་དང་། ཕྱེད་གླིང་གི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་བཏང་ནས། ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་བཀག་འགོག་བྱས་པ་མ་ཟད། དུས་བརྒལ་གྱི་དམག་དོན་མནའ་འབྲེལ་དང་ཨེ་ཤ་ཡ་ཤར་བྱང་གི་དམག་དོན་སྟོབས་ཤུགས་སྲུང་འཛིན་བྱས་པའི་རྐྱེན་རེད་ཟེར།

ལིས་ཏུང་རི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ད་དུང་བྲེལ་འཚུབ་ཆེན་པོས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཉིང་རྡུལ་གནད་དོན་དང་འགྲོ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས། ཆབ་སྲིད་ཐད་ནས་ཁྲའོ་ཞན་ལ་གཏོར་བརླག་དང་དཔལ་འབྱོར་ཐད་ནས་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་པ། དམག་དོན་ཐད་ནས་ཁྲའོ་ཞན་ལ་གཉའ་གནོན་བཅས་བྱས་ཟེར། ཁོས་ཨ་མེ་རི་ཁས་ཁྲའོ་ཞན་ལ་ལག་བསྟར་བྱས་པའི་འགྲོ་མིའི་ཐོབ་ཐང་གི་ལྐོག་གཡོའི་དམིགས་ཡུལ་ཉག་ཅིག་ནི་ཁྲའོ་ཞན་གྱི་སྣང་བརྙན་ལ་གཏོར་བརླག་བྱེད་རྒྱུ་མ་ཟད། མཇུག་མཐར་ཁྲའོ་ཞན་གྱི་སྲིད་དབང་རྩ་རྫོགས་བྱེད་རྒྱུ་དེ་ཡིན་ཅེས་བཤད།

ལིས་ཏུང་རི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་ལ་དགྲར་འཛིན་སྲིད་ཇུས་ལག་བསྟར་བྱས་པར་དམིགས་ནས། ཁྲའོ་ཞན་གྱིས་རྟགས་ཚད་གཏན་ཁེལ་བྱས་ཡོད་ལ། ཨ་མེ་རི་ཁ་རྟགས་ཚད་དེ་ལས་བརྒལ་མི་རུང་། ཨ་མེ་རི་ཁས་གལ་ཏེ་རྟགས་ཚད་དེ་ལས་བརྒལ་ན་བཀག་སྡོམ་བྱེད་ཐབས་ཅི་འདྲ་ཞིག་ལ་འཕྲད་སྲིད་པ་གསལ་བོར་ཤེས་ཡོད་ཟེར། ལིས་ཏུང་རི་ཡིས་ཁྲའོ་ཞན་གྱིས་རྣམ་པ་གསར་བའི་ཉིང་རྡུལ་ཚོད་ལྟ་བྱེད་སྲིད་པ་བསྐྱར་བསྒྲགས་བྱས་པ་དང་མཉམ་དུ། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་ཁྲའོ་ཞན་འགྲོ་མིའི་ལས་དོན་གྱི་འགན་ཁུར་བའི་དམིགས་བསལ་འཐུས་མི་རོ་པོ་ཐི་ཅིན་ལ་སྣེ་ལེན་གཏན་ནས་བྱེད་མི་སྲིད་ཅེས་བཤད།

ཨ་མེ་རི་ཁ་དང་ཧན་གོས་ལོ་གཅིག་གི་གཞི་ཁྱོན་ཆེས་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་དམིགས་ནས། ཁྲའོ་ཞན་གྱིས་ཉེ་བའི་གཟའ་འཁོར་འགའི་རིང་ལ་བསྟུད་མར་ཐུང་འཕེན་དང་འབྲིང་འཕེན་འཕུར་མདའ་འཕངས། ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་བརྒྱུད་དེ་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་པ་དང་ཁྲའོ་ཞན་ལ་གཏོར་བརླག་བྱེད་འདོད་ཡོད་པས། ཁྲའོ་ཞན་གྱིས་རྣམ་པ་གསར་བའི་ཉིང་རྡུལ་ཚོད་ལྟ་བྱས་ཏེ་ཉིང་རྡུལ་འགོག་ཤུགས་ཇེ་ཆེར་གཏོང་ཡང་སྲིད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཨ་མེ་རི་ཁའི་ཁྲའོ་ཞན་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འགན་ཁུར་བའི་དམིགས་བསལ་འཐུས་མི་རོ་པོ་ཐི་ཅིན་གྱིས་ཟླ་བཞི་བའི་ཚེས་གཉིས་ཉིན་ནས་ཚེས་བཅུ་ཉིན་བར་འཇར་པན་དང་ཧན་གོར་འཚམས་འདྲི་བྱས་ཏེ། འགྲོ་མིའི་ཐོབ་ཐང་དང་མི་ཆོས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་བསྒྲགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག