མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་པ་སྐོར་བཞི་བ་ཕྱིར་གཏོང་རྒྱུ་མིན་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 15:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དང་ཕ་ལེ་སི་ཐན་ཞི་བའི་གྲོས་མོལ་གྱི་དབྱི་སི་རལ་ཕྱོགས་ཀྱི་དབུ་བཞུགས་འཐུས་མི་ལེ་ཧྥུའུ་ཉི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཕ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་སྤྱི་ཆིངས་དང་ཆིངས་ཡིག་བཅོ་ལྔའི་ཁྲོད་ཞུགས་རྒྱུའི་འགུལ་སྐྱོད་སྤེལ་བས། དབྱི་སི་རལ་གྱིས་བཙོན་བཀག་བྱས་ཡོད་པའི་ཕ་ལེ་སི་ཐན་པ་སྐོར་བཞི་བ་ཕྱིར་གཏོང་མི་སྲིད་ཟེར།

ལེ་ཧྥུའུ་ཉི་ཡིས་ཉིན་དེར་གསལ་སྒྲོག་ཅིག་སྤེལ་ནས། ཕ་ལེ་སི་ཐན་ཕྱོགས་ཀྱིས་འགུལ་སྐྱོད་གསར་བ་སྤེལ་བས། དབྱི་སི་རལ་གྱིས་བཙོན་བཀག་བྱས་ཡོད་པའི་ཕ་ལེ་སི་ཐན་པ་སྐོར་བཞི་བ་དེ་ཕྱིར་གཏོང་མི་སྲིད་ཅེས་བཤད། གསལ་སྒྲོག་ནང་དུ་དབྱི་སི་རལ་སྲིད་གཞུང་གིས་མ་གཞི་བཙོན་བཀག་བྱས་ཡོད་པའི་ཕ་ལེ་སི་ཐན་པ་སྐོར་བཞི་བའི་མི་ཉེར་དྲུག་པོ་དེ་ཕྱིར་གཏོང་རྩིས་ཡོད་ནའང་། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བས་དབྱི་སི་རལ་སྲིད་གཞུང་གིས་འཆར་གཞི་དེ་བསྒྱུར་བ་ཡིན་ཞེས་བཤད་ཡོད།

ཨ་པ་སི་ཡིས་ཚེས་གཅིག་ཉིན་བསྒྲགས་རྒྱུར། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཟླ་བརྒྱད་རིང་མཚམས་བཞག་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཆིངས་ཁྲོད་ཞུགས་པའི་བྱ་བ་དེ་ཡང་བསྐྱར་སྤེལ་མགོ་བརྩམས་ཏེ། དབྱི་སི་རལ་གྱིས་བཙོན་བཀག་བྱས་པའི་མཇུག་མཐའི་ཕ་ལེ་སི་ཐན་པ་རྣམས་དུས་ལྟར་ཕྱིར་མ་བཏང་བར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། ཚེས་གཉིས་ཉིན། ཕ་ལེ་སི་ཐན་གྱིས་དཔོན་ཕྱོགས་ཀྱི་རེ་ཞུ་ཡི་གེ་བཅོ་ལྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་རོ་པོ་ཐི་སའེ་ལེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ལ་སྤྲད།

དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དེ་ཨ་མེ་རི་ཁའི་སྐུལ་འདེད་འོག་ན་ནིང་གི་ཟླ་བདུན་པར་ཡང་བསྐྱར་སྤེལ་མགོ་བརྩམས་པ་མ་ཟད། ད་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་མཇུག་རྫོགས། གྲོས་མོལ་བྱེད་སྐབས་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་གྲོས་ཆོད་བཀོད་ནས། ཕ་ལེ་སི་ཐན་ཕྱོགས་ཀྱིས་གནས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སུ་ཞུགས་པའི་རེ་བ་འདོན་མཚམས་འཇོག་རྒྱུ་དང་། དབྱི་སི་རལ་ཕྱོགས་ཀྱིས་བཙོན་བཀག་བྱས་ཡོད་པའི་ཕ་ལེ་སི་ཐན་པ་བརྒྱ་དང་བཞི་བོ་ཕྱིར་གཏོང་རྒྱུར་འཐད་པ་བྱུང་། ཡིན་ནའང་དེ་སྔོན་གཏན་ལ་ཕབ་པའི་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་པ་ཕྱིར་གཏོང་བའི་ཉིན་མོ་སྟེ་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ལ་ཐོན་པ་ན། དབྱི་སི་རལ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཕྱོགས་སྔོན་ལ་ཞི་བའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བར་འཐད་པ་འབྱུང་རྒྱུའི་རེ་བ་བཏོན་པ་མ་ཟད། བཙོན་བཀག་བྱས་པའི་མི་སྣ་ཕྱིར་བཏང་ན་དབྱི་སི་རལ་གྱི་མཉམ་འབྲེལ་སྲིད་གཞུང་ཁ་འཐོར་ཏུ་འགྲོ་སྲིད་པ་རྒྱུ་མཚན་དུ་བྱས་ཏེ། བཙོན་བཀག་བྱས་ཡོད་པའི་མཐའ་མཇུག་གི་ཕ་ལེ་སི་ཐན་པ་ཉེར་དྲུག་པོ་དེ་དུས་ལྟར་ཕྱིར་མ་བཏང་།

ཚེས་གཉིས་ཉིན་གྱི་དགོང་མོར། ལེ་ཧྥུའུ་ཉི་དང་ཕ་ལེ་སི་ཐན་ཕྱོགས་ཀྱི་གྲོས་མོལ་འཐུས་མི་ཨེ་ལེ་ཁ་ཐི། ཨ་མེ་རི་ཁའི་དབུས་ཤར་གྱི་ཆེད་མངགས་ཕོ་ཉ་མཱ་ཏེན་དབྱིན་ཏིས་ཁི་བཅས་ཀྱིས་ཡེ་ལུའུ་ས་ལེམ་ནས་དུས་ཚོད་བདུན་གྱི་རིང་ལ་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ། ཉེན་ཁའི་གནས་སུ་ལྷུང་བའི་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དེ་ཡང་བསྐྱར་སྐྱོབ་འདོད་ནའང་། གྲོས་མོལ་ལ་མཇུག་འབྲས་ཅི་ཡང་མ་ཐོབ། གྲོས་མོལ་གྱི་ནང་དོན་ཤེས་པའི་དབྱི་སི་རལ་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས་གཉིས་ཉིན་གྱི་དགོང་མོའི་གྲོས་མོལ་གྱི་སྐབས་སུ་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་ཕ་རོལ་བར་སྐྱོན་བརྗོད་དྲག་པོ་བྱས་ཏེ་འགལ་བ་ཆེན་པོ་བྱུང་བས། གྲོས་མོལ་དེར་མཇུག་མཐར་ཕམ་ཁ་བྱུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག