མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་བྱུང་ནས་མི་ང་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 15:40

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་པ་ལྟར་ན། དབྱི་རག་ནས་ཉིན་དེར་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་མང་བོ་བྱུང་ནས། ཉུང་མཐར་ཡང་མི་ལྔ་བཅུ་ང་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་བརྒྱད་ལ་རྨས་ཕོག་ཟེར།

དབྱི་རག་གི་ཉེན་རྟོག་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་བྱང་ཕྱོགས་ཀྱི་སཱ་ལ་ཧི་ཏེན་ཞིང་ཆེན་གྱི་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་གྲོང་ཁྱེར་གྱི་ཟ་ཁང་ཞིག་གི་ཉེ་འདབས་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞི་ལ་རྨས་ཕོག རྒྱལ་ས་པ་ཀི་ཏའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་མ་ཧ་མའོ་ཏེ་ཡེ་གྲོང་རྡལ་ནས་ཀྱང་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར།

དབྱི་རག་ལྷོ་ཕྱོགས་ཀྱི་པ་པེ་ལུན་གྱི་གྲོང་ཁྱེར་གཙོ་བོ་ཞི་ལཱའི་དཀྱིལ་དབུས་ཀྱི་འདེམ་བསྐོ་འདུ་ཚོགས་ཤིག་གི་སྟེང་ཉིན་དེར་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག དབྱི་རག་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཨ་མེ་རི་ཁའི་དམག་དཔུང་ཉིས་སྟོང་བཅུ་གཅིག་ལོར་དབྱི་རག་ནས་ཕྱིར་འཐེན་བྱས་རྗེས་དབྱི་རག་གིས་སྤེལ་རྒྱུ་ཡིན་པའི་འདེམ་བསྐོ་ཆེན་མོ་ཐོག་མ་རེད། 

 དབྱི་རག་ཤར་ཕྱོགས་ཀྱི་ཏེ་ཡ་ལ་ཞིང་ཆེན་སོགས་ནས་ཀྱང་ཉིན་དེར་དྲག་ཤུགས་འཇབ་རྒོལ་མང་བོ་བྱུང་ནས། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག དེས་མི་ཚད་པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་ཀྱི་མཱོ་སུའུ་ཨར་ནས། དབྱི་རག་བདེ་འཇགས་དམག་དཔུང་གིས་མེ་མདས་བརྒྱབ་སྟེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་བཞི་བསད།

དབྱི་རག་ནང་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་པ་ཀི་ཏའི་ལྷོ་ནུབ་ཕྱོགས་ཀྱི་ཡུག་སུའུ་ཧྥེ་ཡེ་གྲོང་རྡལ་ནས་མེ་མདས་བརྒྱབ་སྟེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་བཞི་བཅུ་བསད་པ་དང་། དབྱི་རག་གི་དམག་དཔོན་ཞིག་འཐབ་འཁྲུག་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར། གསལ་སྒྲོག་ནང་དུ་དྲག་ཆས་མི་སྣ་དེ་དག་ནི་མིང་ལ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་མི་ཡིན་སྲིད་ཅེས་བཤད་ཡོད།

ན་ནིང་གི་ལོ་སྟོད་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས། བདེ་འཇགས་ཀྱི་གནས་བབ་ཚབས་ཆེན་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འཇལ་རྒོལ་དང་དྲག་ཤུགས་དོན་རྐྱེན་སྣ་ཚོགས་ཀྱི་ཁྲོད་ནས་བསྡོམས་པས་མི་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མི་སྟོང་བདུན་དང་བརྒྱད་བརྒྱ་བཅོ་བརྒྱད་ནི་མི་སེར་རེད། དེས་མི་ཚད་མི་ཁྲི་གཅིག་དང་སྟོང་བརྒྱད་ཙམ་ལ་རྨས་ཕོག་པ་དང་། ལོ་འགའི་རིང་ལ་ཤི་རྨས་ཀྱི་གྲངས་ཀ་ཆེས་མང་བའི་ལོ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག