མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དམིགས་བསལ་འཐུས་མིས་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 15:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་གསུམ་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་ཁྲའོ་ཞན་ལས་དོན་གྱི་འགན་ཁུར་བའི་དམིགས་བསལ་འཐུས་མིས་ཚེས་བདུན་ཉིན་ཝ་ཧྲིན་ཏོན་ནས་ཐུག་འཕྲད་བྱས་ཏེ། ཁྲའོ་ཞན་དང་འབྲེལ་བའི་གནད་དོན་རབ་དང་རིམ་པར་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་ཀི་ལིན་ཏའེ་ཝེ་སི་ཡིས་འཇར་པན་དང་ཧན་གོའི་འཐུས་མི་ལ་གཙོ་བོ་ཞི་བའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འགན་ཁུར་བའི་དམིགས་བསལ་འཐུས་མི་རོ་པོ་ཐི་ཅིན་གྱིས་ཚེས་གཉིས་ཉིན་ནས་བཟུང་འཇར་པན་དང་ཧན་གོར་འཚམས་འདྲི་བྱེད་མགོ་བརྩམས་ཏེ། འགྲོ་མིའི་ཐོབ་ཐང་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་རབ་དང་རིམ་པའི་ཐད་ནས་གྲོས་མོལ་བྱས། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཧི་ལན་ཧེ་ཡ་ནས་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་ཚོགས་འདུར་ཞུགས་སྐབས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་གཉིས་ལ་ཐུག་འཕྲད་བྱས།

ཨ་མེ་རི་ཁ་དང་ཧན་གོས་ལོ་གཅིག་གི་གཞི་ཁྱོན་ཆེས་ཆེ་བའི་མཉམ་འབྲེལ་དམག་སྦྱོང་སྤེལ་བར་དམིགས་ནས། ཁྲའོ་ཞན་གྱིས་ཉེ་བའི་གཟའ་འཁོར་འགའི་རིང་ལ་བསྟུད་མར་ཐུང་འཕེན་དང་འབྲིང་འཕེན་འཕུར་མདའ་ཐེངས་མང་འཕངས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་གསལ་སྒྲོག་སྤེལ་ནས་དེར་སྐྱོན་བརྗོད་བྱས་རྗེས། ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བརྟེན་ནས་ཁྲའོ་ཞན་ཁེར་རྐྱང་དུ་འབུད་འདོད་ཡོད་པས། ཁྲའོ་ཞན་གྱིས་རྣམ་པ་གསར་བའི་ཉིང་རྡུལ་ཚོད་ལྟ་བྱས་ཏེ་ཉིང་རྡུལ་འགོག་རྒོལ་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་ཡང་སྲིད་ཅེས་བཤད།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཁྲའོ་ཞན་གྱིས་ནུབ་ཕྱོགས་མཚོ་ཁོངས་ནས་དམག་སྦྱོང་བྱེད་སྐབས་སྒྱོགས་མདེལ་འགའ་བྱང་ཕྱོགས་མཐའ་མཚམས་ལྷོ་ཕྱོགས་ཀྱི་ཧན་གོའི་མཚོ་ཁོངས་སུ་ལྷུང་བས་ཧན་གོས་དེར་རྒོལ་ལན་སྤྲད། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁ་ཉི་ཡིས་ཉིན་དེར་ཁྲའོ་ཞན་གྱིས་ཉེ་སྔོན་སྤེལ་བའི་འགུལ་སྐྱོད་ལ་ཉེན་ཁ་ཡོད་པར་མ་ཟད་བརྙས་བཅོས་རང་བཞིན་ལྡན་ཞེས་སྐྱོན་བརྗོད་བྱས་པ་དང་། ཨ་མེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ལ་ཁས་བླངས་པའི་འགོག་སྲུང་དམ་བཅའ་བསྐྱར་བསྒྲགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག