མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་ཉེན་ཁ་ཆེ་བ་དང་ཁྲའོ་ཞན་གྱིས་ཨ་རིའི་དགྲར་འཛིན་སྲིད་ཇུས་རྡུལ་དུ་བརླག་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས2ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པཔ་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་ཁྲའོ་ཞན་དམག་ཕྱོགས་ཀྱི་དཔོན་རིགས་ལ་ཐུག་འཕྲད་བྱེད་སྐབས། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་སྲིད་གཞུང་གི་ཁྲའོ་ཞན་ཕྱོགས་ལ་སྤྱོད་བཞིན་པའི་དགྲར་འཛིན་སྲིད་ཇུས་རྡུལ་དུ་བརླག་རྒྱུ་ཡིན་ཞེས་བཤད་ཟེར།

ཁྲའོ་ཞན་གསར་འགྱུར་ཁང་གིས་བསྒྲགས་རྒྱུར། ཅིན་ཀྲིན་ཨིན་གྱིས་ཚེས1ཉིན་པའེ་ཐི་རི་བོའི་གསར་བརྗེ་དམག་འཁྲུག་གནས་གཞི་རུ་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པའི་ཁྲའོ་ཞན་མི་དམངས་དམག་གི་བཀོད་འདོམས་དཔོན་པོ་རྣམས་ལ་ཐུག་འཕྲད་བྱས་ཏེ། ཁོ་ཚོས་རི་འགོག་དམག་འཁྲུག་ཁྲོད་དུ་སྟོབས་ཤུགས་རྒྱས་པའི་ཁྲའོ་ཞན་མི་དམངས་དམག་གི་གཟི་བརྗིད་ལྡན་པའི་གོམས་སྲོལ་རྒྱུན་འཛིན་བྱས་ནས། བློ་དཀར་གཞུང་དྲང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གིས་གནང་བའི་བླ་མེད་འགན་ནུས་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།

ཅིན་ཀྲིན་ཨིན་གྱིས་མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་ཉེན་ཁ་ཆེ་བ་དང་། ཁྲའོ་ཞན་མི་དམངས་དམག་གིས་ཨ་མེ་རི་ཁས་ཁྲའོ་ཞན་ཕྱོགས་ལ་སྤྱོད་བཞིན་པའི་དགྲར་འཛིན་སྲིད་ཇུས་རྡུལ་དུ་བརླག་དགོས་ཞེས་ནན་གྱིས་བཤད།

ཐུག་འཕྲད་ལ་ཞུགས་པའི་ཁྲའོ་ཞན་མི་དམངས་དམག་གི་དམག་དཔོན་ཚོས་དེའི་རྗེས་སུ་དམག་གཟིགས་མཛད་སྒོ་བསྡུས་པ་དང་། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་བཀོད་འདོམས་ལ་ཉན་ནས། ཨ་མེ་རི་ཁ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་དང་དགྲར་འཛིན་སྟོབས་ཤུགས་གཞན་པར་ཆམ་ཕབ་དྲག་པོ་གཏོང་རྒྱུའི་དམ་བཅས། 

 ཁྲའོ་ཞན་མི་དམངས་དམག་གི་སྤྱིའི་ཆབ་སྲིད་དཔོན་པོ་ཚོས་ཁྲང་ཧེ་དང་མི་དམངས་དྲག་ཤུགས་དཔོན་པོ་ཀྲང་ཀྲིན་ནན་སོགས་ཁྲའོ་ཞན་དམག་ཕྱོགས་ཀྱི་མགོ་ཁྲིད་པ་ཉིན་དེའི་ཐུག་འཕྲད་ལ་ཞུགས།

མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་ཡོད། ཧན་གོའི་མཉམ་འབྲེལ་ཇུས་འདོན་ཁང་གི་བཤད་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ནུབ་རྒྱུད་མཚོ་ཁོངས་ནས་དམག་སྦྱོང་བྱས་པ་དང་། སྒྱོགས་མདེལ་ཁ་ཤས་བྱང་ཕྱོགས་མཐའ་མཚམས་ལྷོ་ཕྱོགས་ཀྱི་ཧན་གོའི་མཚོ་ཁོངས་སུ་ཕོག་པས། ཧན་གོའི་དམག་ཕྱོགས་ཀྱིས་སྒྱོགས་མདེལ་འཕངས་ཏེ་རྒོལ་ལན་སྤྲད་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག