མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས་ཕན་ཐོགས་མེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་ཡིད་ཕངས་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨོ་ནེ་སི་ཐི་ཡིས་ཚེས2ཉིན་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས་ཉེ་སྔོན་ཕན་ཐོགས་མེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་ཡིད་ཕངས་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨོ་ནེ་སི་ཐི་ཡིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཉམ་དུ་མུས་ཞེ་ཀིན་ཀྲིག་ཏུ་བྱ་འགུལ་ལ་ཞུགས་པར་འགྲོ་བའི་ལམ་བར་ནས་གསར་འགོད་པར་ཨ་མེ་རི་ཁའི་དབུས་ཤར་གྱི་གྲོས་མོལ་ཚོགས་པས་ད་དུང་སྔར་བཞིན་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ལ་གྲོས་མོལ་བྱེད་བཞིན་ཡོད་ཅེས་བཤད། ཁོས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་གལ་ཏེ་མུ་མཐུད་འགྲིག་མཐུན་ཡོང་འདོད་ན། ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་པ་ལས། ཁ་གཏད་དུ་ལངས་པའི་འགུལ་སྐྱོད་སྤེལ་ན་དེ་ལས་ལྡོག་པའི་མཇུག་འབྲས་མ་གཏོགས་འབྱུང་མི་སྲིད་ལ། དེ་ཚང་མའི་ཁེ་ཕན་དང་ཡང་མི་མཐུན་ཟེར།

ཨོ་ནེ་སི་ཐི་ཡིས་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱིས་འགྲིག་མཐུན་གྱི་གཞི་ཞིག་འཚོལ་བར་སྐུལ་འདེད་གཏོང་བཞིན་པ་ཁོ་ན་ཡིན་ལ། དབྱི་སི་རལ་དང་ཕ་ལེ་སི་ཐན་གཉིས་ཀྱིས་ད་གཟོད་བྱེད་ཐབས་སྤྱད་དེ་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད།

ཨ་མེ་རི་ཁའི་སྲིད་གཞུང་གི་སྐུལ་འདེད་འོག དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དེ་ལོ་གསུམ་ལ་མཚམས་ཆད་རྗེས་ན་ནིང་གི་ཟླ་བདུན་པའི་ཟླ་མཇུག་ལ་ཡང་བསྐྱར་སྤེལ། དེ་སྔོན་གྱི་འཆར་གཞི་ལྟར་ན་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱིས་ཟླ་དགུའི་ནང་སྟེ་ད་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་སྔོན་ལ་བདེ་འཇགས་དང་མཐའ་མཚམས། ཡེ་ལུའུ་ས་ལུན་གྱི་གོ་གནས། ཡུལ་གྱར་པ་སོགས་ཀྱི་གནད་དོན་གཙོ་བོའི་ཐད་ནས་གྲོས་ཆོད་འགོད་དགོས་པ་དང་། དབྱི་སི་རལ་གྱིས་དུས་རིམ་བཞི་རུ་བགོས་ཏེ་ཡུན་རིང་བོར་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་གྱི་མི་བརྒྱ་དང་བཞི་ཕྱིར་གཏོང་དགོས། ཡིན་ནའང་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་དུ་གཏན་སྡོད་བྱེད་སའི་འཛུགས་སྐྲུན་དང་བདེ་འཇགས་བཀོད་སྒྲིག་སོགས་ཀྱི་གནད་དོན་ཐད་ནས་འགལ་བ་མཚམས་མ་ཆད་པས། ཞི་བའི་གྲོས་མོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་མེད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་ཞི་བའི་གྲོས་མོལ་གྱི་དུས་ཡུན་ཇེ་རིང་ལ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།

ཡིན་ནའང་ཉེ་སྔོན་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་དུ་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་པའི་གནད་དོན་ཐད་ནས་རྩོད་གཞི་བྱུང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་གྱི་མཇུག་མཐའི་མི་ཉེར་དྲུག་ཕྱིར་གཏོང་དགོས་ན་ཕ་ལེ་སི་ཐན་ཕྱོགས་ཞི་བའི་གྲོས་མོལ་གྱི་དུས་ཚོད་ཇེ་རིང་ལ་གཏོང་བར་འཐད་པ་འབྱུང་དགོས་པའི་ཆ་རྐྱེན་བཏོན་པས། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་ཟླ་བརྒྱད་ཀྱི་རིང་ལ་མཚམས་བཞག་པའི་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཆིངས་སུ་ཞུགས་རྒྱུའི་རེ་ཞུ་དེ་ཡང་བསྐྱར་སྤེལ་རྒྱུ་ཡིན་པ་དངོས་སུ་བསྐྱར་བསྒྲགས་བྱས། ཨ་པ་སི་ཡིས་གལ་ཏེ་དབྱི་སི་རལ་གྱིས་བཙོན་བཀག་བྱས་པའི་ཕ་ལེ་སི་ཐན་གྱི་མཇུག་མཐའི་མི་རྣམས་ཕྱིར་མི་གཏོང་ན། ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཆིངས་རེ་གསུམ་ཁྲོད་ཞུགས་པར་ཁྱོན་ཡོངས་ནས་རེ་ཞུ་བྱེད་རྒྱུ་ཡིན་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག