མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ལེ་པཱ་ནུན་ལ་རོགས་རམ་བྱེད་རྒྱུའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ཐཱ་ལེའི་རྒྱལ་སྲུང་བློན་ཆེན་ཕིས་ནོའུ་ཏིས་ཀྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་པེ་རུ་ཐི་ནས་བསྟན་དོན། དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ལེ་པཱ་ནུན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ལེ་པཱ་ནུན་དང་དེའི་དམག་དཔུང་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕིས་ནོའུ་ཏིས་ཀྱིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་ཙུང་ལི་སཱ་ལཱ་མུའུ་སོགས་ཆབ་སྲིད་མགོ་གཙོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་མི་འགྱངས་པར་དབྱི་ཐཱ་ལེ་ནས་བསྡུ་རྒྱུ་ཡིན་པའི་ལེ་པཱ་ནུན་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་ལེ་པཱ་ནུན་གྱི་གནས་བབ། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

ཕིས་ནོའུ་ཏིས་ཀྱིས་སཱ་ལཱ་མུའུ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་བསྡོམས་རྩིས་བྱས་པའི་མཇུག་འབྲས་གསར་བ་ལྟར་ན། མིག་སྔར་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གཅིག་ཙམ་ཡོད་པ་དང་། དེས་ལེ་པཱ་ནུན་གྱི་སྤྱི་ཚོགས་དང་དཔལ་འབྱོར། བདེ་འཇགས་བཅས་ལ་དཀའ་སྡུག་ཆེན་པོ་བཟོ་བཞིན་ཡོད་། དབྱི་ཐཱ་ལེ་ཡིས་ལེ་པཱ་ནུན་སྲིད་གཞུང་གི་རེ་བ་ལྟར། སི་རི་ཡཱའི་ཡུལ་གྱར་བ་དེ་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཕིས་ནོའུ་ཏིས་ཀྱིས་བཤད་རྒྱུར། ཁོ་མོས་ལེ་པཱ་ནུན་དམག་ཕྱོགས་དང་མཉམ་དུ་ལེ་པཱ་ནུན་གྱི་དམག་དཔུང་འཛུགས་སྐྲུན་གྱི་འཆར་གཞི་ལ་ཤུགས་སྣོན་བྱས་ཏེ། ཟླ་འདིའི་ཚེས་བཅུ་ཉིན་དབྱི་ཐཱ་ལེ་ནས་བསྡུ་རྒྱུ་ཡིན་པའི་ལེ་པཱ་ནུན་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར། ཁོ་མོས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་དེ་ལེ་པཱ་ནུན་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ལེ་པཱ་ནུན་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཚེས་བཅུ་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་གྲོས་ཚོགས་ནས་ལེ་པཱ་ནུན་དམག་དཔུང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དབྱི་ཐཱ་ལེ་ཡིས་ལེ་པཱ་ནུན་གྱི་དམག་དཔུང་ལ་གསོ་སྦྱོང་བྱེད་པའི་ལས་འགན་འཁུར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག