མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་རོ་མཱ་ནི་ཡཱ་རུ་དམག་མི་དྲུག་བརྒྱ་ཁ་སྣོན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱའི་ཙུང་ཐུང་པའོ་སེ་སི་ཁུའུ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་རོ་མཱ་ནི་ཡཱའི་གྲོས་ཁང་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁས་རོ་མཱ་ནི་ཡཱའི་མཚོ་ནག་མཁའ་དམག་རྟེན་གཞི་རུ་དམག་མི་དྲུག་བརྒྱ་ཁ་སྣོན་བྱེད་པའི་འཆར་གཞི་སྙན་ཞུ་བྱས།

འཕྲིན་ཡིག་དེ་ལྟར་ན། དམག་མི་དྲུག་བརྒྱ་བོ་དེ་རོ་མཱ་ནི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་ཁི་ཀི་ཨར་ནེ་ཆ་ནོའུ་མཁའ་དམག་རྟེན་གཞི་རུ་བཅའ་སྡོད་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་རོ་མཱ་ནི་ཡཱས་དམག་མི་ཁ་སྣོན་བྱེད་པའི་འགུལ་སྐྱོད་དེར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། དམག་མི་དྲུག་བརྒྱ་ཁ་སྣོན་བྱས་རྗེས། རོ་མཱ་ནི་ཡཱ་རུ་ཡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་སྟོང་གཅིག་དང་དྲུག་བརྒྱར་བསླེབ་ཡོད།

ཉིས་སྟོང་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། རོ་མཱ་ནི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་པུའུ་ཅཱ་ལེ་སི་ཐི་ནས་ཨ་མེ་རི་ཁས་རོ་མཱ་ནི་ཡཱ་ནས་དམག་དོན་རྟེན་གཞི་འཛུགས་པའི་གྲོས་ཆོད་བཀོད་དེ། རོ་མཱ་ནི་ཡཱ་རྒྱལ་ཁབ་དེ་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་བཙུགས་ཡོད་པའི་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ཐོག་མར་གྱུར། ཉིས་སྟོང་བཅུ་ལོར། ཨ་མེ་རི་ཁས་ཁི་ཀི་ཨར་ནེ་ཆ་ནོའུ་མཁའ་དམག་རྟེན་གཞི་རུ་དམག་དཔུང་བཅའ་སྡོད་བྱས། དེ་ལས་གཞན་ཨ་མེ་རི་ཁས་རོ་མཱ་ནི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་བཙུགས་པའི་འཕུར་མདའི་འགོག་སྲུང་རྟེན་གཞི་དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་བཅོ་ལྔ་ལོར་དངོས་སུ་བེད་སྤྱོད་བྱེད་རྒྱུ་རེད།

རོ་མཱ་ནི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། ཨ་མེ་རི་ཁས་སྐབས་ཐོག་འདིར་རོ་མཱ་ནི་ཡཱ་རུ་དམག་མི་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་ནི་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝའི་ཏི་ནེ་སི་ཐིའི་གནས་བབ་ལ་འབྲེལ་བ་ཡོད་ངེས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག