མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁི་ལི་མུས་ཡཱའི་ཉམས་ཉེན་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་དཀའ་བར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

德外长称克里米亚危机不会在短期内解决.jpg

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཁི་ལི་མུས་ཡཱ་རུ་འབྱོར་བ་དང་། དེ་ནི་ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་རྗེས་ཨུ་རུ་སིའི་ཕྱོགས་ཀྱི་རིམ་པ་ཆེས་མཐོ་བའི་དཔོན་པོའི་འཚམས་འདྲི་རེད། རྒྱུས་ལོན་བྱུང་བ་ལྟར་ན། མེ་ཏི་བེ་ཅེ་ཧྥུའུ་ཡིས་ཐེངས་འདིར་ཁི་ལི་མུས་ཡཱའི་ས་གནས་སྲིད་གཞུང་དང་མཉམ་དུ་ཁི་ལི་མུས་ཡཱ་དང་ཞིན་ཧྥེ་ལོ་པའོ་ཨར་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་སི་ཐན་མེད་ཨར་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་བསྟན་དོན། ཁོས་བལྟས་ན་ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་ཉམས་ཉེན་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་དཀའ་བ་དང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་མི་སྲིད་པར་འདོད།

    ཁོས་གསར་འགོད་པར་བཤད་རྒྱུར། ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པ་ལས་བྱུང་བའི་ཉམས་ཉེན་དེ་་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་ཐུབ་པར་ཁས་ལེན་བྱེད་ཐབས་མེད་ཟེར།

    ཁོས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སིའི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ལ་བར་ཁྱད་ཆེན་པོ་ཡོད་ཟེར།

    བྱང་ཆིངས་རྩ་འཛུགས་ཀྱིས་པུའུ་ལུའུ་སེར་ནས་ཚོགས་ཡུན་ཉིན་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། གྲོས་ཚོགས་མ་བསྡུས་གོང་སི་ཐན་མེད་ཨར་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་པའི་ཆ་ནས་ཝུའུ་ཁི་ལན་གྱིས་བྱང་ཆིངས་རྩ་འཛུགས་བར་མཉམ་ལས་ཟབ་མོ་བྱེད་སྲིད་ཟེར།

    ཁོ་རང་ཉིད་ཀྱིས་བལྟས་ན་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་མི་སྲིད་པར་བསམ་ཡོད་ཟེར།

    ཟླ་བཞི་བའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཝུའུ་ཁི་ལན་གྲོས་ཁང་གིས་གནས་སྐབས་ཀྱི་ཙུང་ཐུང་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་བཏོན་པའི་ཨ་མེ་རི་ཁའི་དམག་དཔུང་དང་བཅས་པའི་ཕྱི་རྒྱལ་གྱི་དམག་དཔུང་ཉིས་སྟོང་བཅུ་བཞིའི་ལོར་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོང་ནས་རྒྱལ་སྤྱིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པར་ཆོག་མཆན་འགོད་པའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག