མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསར་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ3པའི་ཚེས31ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་སྙན་ཞུ་གསར་བར་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་སྔོན་ལ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་གྲོས་མཐུན་གསར་བ་ཞིག་འགོད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེར་སྤེལ་བའི་སྙན་ཞུ་ལས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱིས་མདུན་དུ་ལྷགས་པའི་ནམ་ཟླའི་འགྱུར་ལྡོག་གི་ཉེན་ཁར་གྲ་སྒྲིག་བཟང་བོ་བྱས་མེད་ཟེར། དེའི་ཐད་ནས་ཕན་ཅི་ཝུན་གྱིས་བསྟན་དོན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ནམ་ཟླའི་འགྱུར་ལྡོག་གི་ཉེན་ཁ་སེལ་བར་ཡང་དཀའ་ཁག་སྔར་ལས་ཇེ་ཆེར་སོང་ཡོད། ཉེན་ཁ་དེ་རིགས་ཇེ་དམའ་རུ་གཏོང་ཆེད་འཛམ་གླིང་ཡོངས་ཀྱིས་ངེས་པར་དུ་དྲོད་རླངས་ཕྱིར་གཏོང་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་དགོས་པ་དང་། ཞོར་དུ་ཐབས་ཇུས་དང་འགུལ་སྐྱོད་བཟང་བོ་སྤྱད་དེ་གནོད་འགོག་གི་གྲ་སྒྲིག་བྱ་བར་ལེགས་བཅོས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་དོན་རྐྱེན་གྱིས་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་རྒྱལ་ཁབ་ཚང་མས་རིམ་པ་སོ་སོ་ནས་འགུལ་སྐྱོད་སྤེལ་ཏེ། ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་བསྡུ་རྒྱུ་ཡིན་པའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ནས་བསྒྲགས་གཏམ་དང་འགུལ་སྐྱོད་སྤེལ་དགོས་བ་དང་། གང་ནུས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་སྔོན་ལ་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བ་ཞིག་འགོད་པར་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་འཇར་པན་གྱི་ཧིན་པེན་ནས་ཚོགས་པ་དང་། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཧིན་པེན་ནས་སྙན་ཞུ་གསར་བ་ཞིག་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་གིས་མིའི་རིགས་ཀྱི་བདེ་འཇགས་ཐད་ཐེབས་པའི་ཤུགས་རྐྱེན་ཐོག་མར་བཤད་པ་དང་། ཆ་སྙོམས་དྲོད་ཚད་དེ་བཟོ་ལས་བཅོས་བསྒྱུར་གྱི་སྔོན་ལས་དྲོད་གྲངས་གཉིས་ལས་འཕར་མེད་པའི་ཚད་དུ་ཚོད་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག