མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་རྒྱལ་ཡོངས་གྲོས་མོལ་ནས་ཕྱོགས་སོ་སོས་མཉམ་དུ་འགོག་སྲུང་འཐབ་ཇུས་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་རྒྱལ་ཡོངས་གྲོས་མོལ་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་པེ་རུ་ཐི་ནས་སྤེལ་བ་དང་། གྲོས་ཚོགས་ནས་ཆབ་སྲིད་ཕྱོགས་ཁག་སོ་སོས་མཉམ་དུ་རྒྱལ་ཁབ་ཀྱི་འགོག་སྲུང་འཐབ་ཇུས་གཏན་འབེབས་བྱས་ཏེ། ལེ་པཱ་ནུན་གྱི་མདུན་དུ་ལྷག་པའི་འཇིགས་ཉེན་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤྱི་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་རྒྱལ་ཡོངས་ཀྱི་གྲོས་མོལ་ལ་མགོ་འཛིན་བྱས་པ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་དགུ་བར་བསྡུས་པའི་སྐབས་སྔོན་མའི་རྒྱལ་ཡོངས་ཀྱི་གྲོས་མོལ་གྱི་གྲོས་ཆོད་ཀྱི་ལག་བསྟར་གནས་ཚུལ་ལ་ཕྱིར་དྲན་བྱས་པར་མ་ཟད། གཙོ་བོ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགོག་སྲུང་འཐབ་ཇུས་གཏན་འབེབས་བྱེད་པར་གྲོས་བསྡུར་བྱས།

སྤྱི་སྒྲོག་ལས་བསྟན་དོན། ལེ་པཱ་ནུན་གྱི་སྲིད་གཞུང་གསར་བས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་དཀའ་ཁག་སྣ་ཚོགས་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སླར་གསོ་བྱེད་ཐུབ་པའི་རེ་བ་བཏོན། རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་དུ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་སྐབས་འདིའི་ཙུང་ཐུང་གི་འགན་ཡུན་མཇུག་སྒྲིལ་རག་བར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད།

གྲོས་ཚོགས་ནས་རྒྱལ་ཡོངས་གྲོས་མོལ་གྱི་གལ་ཆེན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ནན་བཤད་བྱས་པ་དང་། སྐབས་རྗེས་མའི་རྒྱལ་ཡོངས་ཀྱི་གྲོས་མོལ་དེ་ད་ལོའི་ཟླ་ལྔ་བའི་ཚེས་ལྔ་ཉིན་སྤེལ་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་འགོག་སྲུང་འཐབ་ཇུས་གཏན་འབེབས་བྱེད་པའི་ལས་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག