མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ3པའི་ཚེས31ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་ཉེ་སྔོན་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ་རྒྱལ་ཁབ་དེའི་ཞི་བདེ་དང་བརྟན་འཇགས། བདེ་འཇགས་བཅས་ལ་གཏོར་བརླག་བྱེད་པའི་མི་སྣའི་མིང་ཐོ་འགོད་དགོས་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བ་ལས་མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་ཇེ་ཆེར་སོང་ཡོད། ཕན་ཅི་ཝུན་གྱིས་ཁ་ཚིག་དྲག་པོས་མི་སེར་དཀྱུས་མ་དང་རྒྱལ་ཁབ་དེའི་ཞི་བདེ་བསྐྱར་འཛུགས་ཀྱི་སྒྲིག་ལམ་ལ་དམིགས་པའི་རྒྱལ་སྤྱིའི་སྟོབས་ཤུགས་གང་རུང་གི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། ཁོས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དེ་དུས་ནམ་ཡིན་ཡང་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས།

ཕན་ཅི་ཝུན་གྱིས་དྲག་ཤུགས་ལ་ངན་སྐུལ་བྱེད་པ་དང་ཐད་ཀར་རམ་བརྒྱུད་ནས་དྲག་ཆས་ཚོགས་ཁག་ལ་རོགས་རམ་བྱེད་པའི་མི་རྣམས་ཀྱིས་མཉམ་འཇོག་བྱེད་དགོས་པ་དང་། ཁོ་ཚོར་དེའི་དབང་གིས་བཅའ་ཁྲིམས་ཀྱི་བཀག་སྡོམ་ཐེབས་སྲིད་པའི་དྲན་སྐུལ་བྱས།

ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ཟང་ཟིང་དུ་གྱུར་བ་དང་། ཉེ་བའི་ལོ་འགའི་རིང་ལ། དམངས་དམག་རྩ་འཛུགས་པཱ་ལཱ་ཁཱ་ལ་ངོ་རྒོལ་བྱེད་པའི་ཁོངས་མི་དང་སྔོན་ཆད་ཀྱི་སེ་ལོས་ཁཱའི་ཁོངས་མིའི་བར་རྒྱལ་ས་པན་ཅི་ནས་འཁྲུག་རྩོད་བྱུང་སྟེ། འཁྲུག་རྩོད་ལས་མི་སྟོང་གཉིས་ལྷག་ལ་ཤི་རྨས་ཐེབས། ཁྲིམས་སྐྱོང་ལ་གཏོར་བརླག་ཐེབས་པ་དང་ཆོས་ལུགས་ཕྱོགས་ཁག་བར་གྱི་དམར་གསོད་སོགས་ལས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག