མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱིས་རྒྱལ་ཡོངས་གྲོས་མོལ་བྱ་འགུལ་སྤེལ་ཏེ་ཉམས་ཉེན་ཐག་གཅོད་བྱེད་དགོས་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:51

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བའི་གནད་དོན་མིན་པ་དང་། ཝུའུ་ཁི་ལན་རྒྱལ་ཁབ་ནང་ཁུལ་གྱི་ཉམས་ཉེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཡོངས་གྲོས་མོལ་བྱ་འགུལ་སྤེལ་ཏེ་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་གཏོང་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་འཕྲིན་ལམ་དང་པོའི་བརྙན་འཕྲིན་ཐད་གཏོང་ལེ་ཚན་ནང་ནན་གྱིས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཝུའུ་ཁི་ལན་གནད་དོན་གྱི་འབྲེལ་གཏུག་ཚན་ཆུང་འཛུགས་པའི་གྲོས་གཞི་དང་ལེན་བྱེད་མི་སྲིད་ཟེར། ཁོས་བཤད་རྒྱུར། གྲོས་གཞི་དེ་ལྟར་ན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ལྟ་རྟོག་འོག་གྲོས་མཐུན་འགོད་དགོས་པ་དང་། དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་ན། ཨུ་རུ་སི་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མན་འབྲེལ་བཅས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་སྡེ་ཚོགས་བཙུགས་ཏེ། ཝུའུ་ཁི་ལན་གྱི་རྒྱལ་ཡོངས་གྲོས་མོལ་སྤེལ་བར་སྐུལ་མ་གཏོང་བ་དང་། ཝུའུ་ཁི་ལན་རྒྱལ་ནང་གི་ཆབ་སྲིད་སྟོབས་ཤུགས་དང་ས་ཁུལ་སོ་སོ་འདྲ་མཉམ་གྱི་ཐོབ་ཐང་གིས་གྲོས་མོལ་འཕེལ་རིམ་ནང་ཞུགས་ཏེ་རྩ་ཁྲིམས་གསར་བ་གཏན་འབེབས་བྱེད་པར་འགན་སྲུང་བྱེད་པ་དང་། ཝུའུ་ཁི་ལན་རྒྱལ་ཕྲན་ལམ་ལུགས་ཀྱི་རྒྱལ་ཁབ་དང་མནའ་འབྲེལ་མི་བྱེད་པའི་རྒྱལ་ཁབ་ཏུ་འགྱུར་བར་གཏན་འཁེལ་བྱས་ཏེ། ཨུ་རུ་སིའི་མི་དང་བཅས་པའི་ཝུའུ་ཁི་ལན་རྒྱལ་ནང་གི་རིགས་སོ་སོའི་མི་དམངས་ལ་འདྲ་མཉམ་གྱི་ཁེ་དབང་ཐོབ་པར་འགན་སྲུང་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་བགྲོད་ལམ་དེའི་ཐད་ནས་ཕྱོགས་སོ་སོའི་བར་མཉམ་ལས་ཆེན་པོ་བྱེད་འདོད་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉེ་སྔོན་ཝུའུ་ཁི་ལན་དང་འདབས་འབྲེལ་དུ་ཡོད་པའི་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ནི་མངོན་གསལ་ཡིན་ཞིང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་དང་འཚམ་པ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དོན་སྦྱོང་བརྡར་ལ་འབྲེལ་བའི་དགོས་གལ་ཆེ་བའི་བརྡ་འཕྲིན་འདོན་སྤྲོད་བྱས་པར་མ་ཟད། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་སོགས་རྒྱལ་ཁབ་ཀྱི་མི་སྣས་དམག་དོན་སྦྱོང་བརྡར་དེར་ལྟ་རྟོག་བྱེད་པར་ཆོག་མཆན་བཀོད་པ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་རྒྱལ་ཁབ་རང་གི་མངའ་ཁོངས་སུ་རྒྱུན་ལྡན་དང་ཡང་ན་འཆར་གཞིར་མ་གཏོགས་པའི་གློ་བུར་བའི་དམག་དོན་སྦྱོང་བརྡར་སྤེལ་བའི་དབང་ཆ་ཡོད་པ་དང་། དམིགས་ཡུལ་ནི་དམག་དཔུང་གི་འཐབ་འཛིང་ནུས་པ་སྲུང་འཛིན་བྱེད་པའི་ཆེད་དུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག