ཁི་ལི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་བལྟས་ན་ཨུ་རུ་སིའི་ཁི་ལི་མུས་ཡཱའི་འགུལ་སྐྱོད་ནི་ལུགས་མཐུན་མིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པར་བསམ་བཞིན་ཡོད་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཕཱ་རེ་སི་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་དུས་ཚོད་བཞིའི་རིང་གྲོས་མོལ་བྱས་རྗེས། ཁི་ལེ་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མཐུན་གང་ཡང་བྱུང་མེད་པ་ཁྱབ་སྒྲོག་བྱས།
བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལེ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨ་མེ་རི་ཁས་བལྟས་ན་ཨུ་རུ་སིའི་ཁི་ལི་མུས་ཡཱའི་འགུལ་སྐྱོད་ནི་ལུགས་མཐུན་མིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པར་བསམ་ཡོད་པ་དང་། ཁི་ལེ་ཡིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པའི་ཨུ་རུ་སིའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་ཝུའུ་ཁི་ལན་གྱི་མ་འོངས་པར་འབྲེལ་བའི་གྲོས་མོལ་གང་ཡིན་ཡང་ངེས་པར་དུ་ཅི་ཧྥུའུ་ཡི་མགོ་ཁྲིད་པ་ཞུགས་དགོས་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སི་ལ་ཝུའུ་ཁི་ལན་རྒྱལ་ཁབ་ལ་བཙན་འཛུལ་བྱེད་པའི་འཆར་གཞི་ཡོད་པ་གཏན་ནས་ཁས་ལེན་མ་བྱས། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོད་པའི་ཨུ་རུ་སིའི་རིགས་རྒྱུད་དང་ཁོ་ཚོའི་མགྲིན་ཚབ་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་མཉམ་དུ་ནུས་པ་འདོན་སྤེལ་བྱས་ཏེ། ཝུའུ་ཁི་ལན་གྱི་རྒྱལ་ཡོངས་གྲོས་མོལ་ལ་ཡར་སྐུལ་བྱེད་དགོས་ཟེར། ཨུ་རུ་སི་ཡིས་བལྟས་ན། ཧྥ་ཞི་སིའི་ཉེས་ཅན་གྱིས་ཝུའུ་ཁི་ལན་གྱི་དབང་ཤུགས་བཟུང་ཡོད་པ་དང་། ཨུ་རུ་སིའི་རིགས་རྒྱུད་ཀྱི་མགྲིན་ཚབ་པའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་པར་འདོད་ཡོད།
དེ་ལས་གཞན་ཁོས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ལ་སྔོན་ཆད་ཐོབ་པའི་ཁས་ལེན་ནི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྒྲིག་ཆས་དེ་ཁོ་ཚོའི་མཐའ་མཚམས་ས་ཁུལ་གྱི་ཉེ་སར་བཀོད་སྒྲིག་བྱེད་མི་སྲིད་པར་བཤད་ཀྱང་། ཨུ་རུ་སི་ལ་མགོ་སྐོར་ཐེབས་ཡོད་ཟེར།
ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཨ་མེ་རི་ཁས་ཨ་མེ་རི་ཁའི་དམག་དཔུང་གི་ཡོ་རོབ་གླིང་གི་ཆེས་མཐོའི་བཀོད་འདོམ་དཔོན་པོ་སྔ་མོ་ནས་ཕྱིར་ཡོ་རོབ་གླིང་དུ་ལོག་དགོས་པའི་བཀའ་རྒྱ་བཏང་བ་དང་། དེའི་སྔོན་དམག་དཔོན་པུའུ་ལི་ཏི་ལོ་ཧྥུའུ་ཝ་ཧྲིན་ཏོན་དུ་སོང་ནས་རྒྱལ་ཚོགས་ཀྱི་ཉན་ཞིབ་ཚོགས་འདུར་ཞུགས་རྒྱུ་རེད།།