མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་ཨ་རབ་པས་ས་ཞིང་ཉིན་མོའི་ངོ་རྒོལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:49

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དུ་འཚོ་བ་རོལ་བཞིན་པའི་ཨ་རབ་མང་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ས་ཁུལ་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ས་ཞིང་ཉིན་མོ་ཐེངས་སོ་བརྒྱད་པར་རྗེས་དྲན་བྱས་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་བཙན་བཟུང་བྱས་པར་ངོ་རྒོལ་བྱས།

ཉིན་དེའི་ངོ་རྒོལ་བྱ་འགུལ་དེ་གཙོ་བོ་དབྱི་སི་རལ་བྱང་ཕྱོགས་ཀྱི་ཅཱ་ལེ་ལེ་ས་ཁུལ་དང་ལྷོ་ཕྱོགས་ཀྱི་ནེ་ཀའེ་ཧྥུའུ་བྱེ་ཁུལ་ནས་བྱུང་བ་ཡིན་ཞིང་། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཅཱ་ལེ་ལེ་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་པའི་ཨ་རབ་མང་ཚོགས་སྟོང་གཅིག་ལྷག་ཡོད་པ་དང་། ཁོ་ཚོའི་ལག་ཏུ་ཕཱ་ལེ་སི་ཐན་གྱི་རྒྱལ་དར་བཟུང་ཡོད་ལ། མི་ལ་ལས་རྔ་རྡུང་སྟེ་ངོ་རྒོལ་བྱེད་པའི་རྣམ་འགྱུར་བསྟན། དེའི་སྐབས་སུ་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་འཚོ་སྡོད་བྱེད་པའི་ཨ་རབ་གྲངས་ཉུང་མི་རིགས་པེ་ཏུའུ་ཡུན་གྱི་མི་རེ་འགའ་རྔམ་སྟོན་ཁྲོམ་སྐོར་གྱི་དཔུང་སྡེའི་ནང་ཞུགས་པ་རེད་ཟེར།

ས་དེའི་ས་གནས་ཨུ་ཡོན་ལྷན་ཁང་གི་ཨེ་སཱ་ལཱ་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་ཕྱོགས་གཅིག་ནས་རང་བྱུང་གི་སྐྱེ་འཕེལ་གྱི་ཚད་ལས་བརྒལ་བའི་མྱུར་ཚད་ཀྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་སྟེང་གཏན་སྡོད་ས་ཁུལ་གང་འདོད་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཨ་རབ་གྲོང་སྡེ་ཡི་ཁང་བ་བཤིག་བཞིན་ཡོད་ལ། གཞན་ད་རུང་ནེ་ཀའེ་ཧྥུའུ་བྱེ་ཁུལ་དུ་འཚོ་སྡོད་བྱེད་པའི་པེ་ཏུའུ་ཡུན་གྱི་ས་ཞིང་གཞུང་བཞེས་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར།

ལྷོ་ཕྱོགས་ཀྱི་ནེ་ཀའེ་ཧྥུའུ་བྱེ་ཁུལ་དུ། པེ་ཏུའུ་ཡུན་གྱི་མི་ཉིས་བརྒྱ་ལྷག་གིས་གྲོང་སྡེའི་ཉེ་འདབས་སུ་ཁྲོམ་སྐོར་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱི་ཉེན་རྟོག་པས་གསར་འགོད་པར་བཤད་རྒྱུར། པེ་ཏུའུ་ཡུན་གྱི་མིའི་གྲོང་སྡེ་དེ་དབྱི་སི་རལ་སྲིད་གཞུང་གིས་ཁས་ལེན་བྱེད་ཀྱིན་མེད་ཟེར།

ཡེ་ལུའུ་སཱ་ལེམ་ཤར་མ་ནས་ངོ་རྒོལ་མཁན་བདུན་ཅུ་ལྷག་གིས་ཏཱ་མཱ་ཧྲི་ཀིའི་སྒོ་ཆེན་ནས་དུས་ཡུན་ཐུང་ངུའི་ངོ་རྒོལ་བྱ་འགུལ་སྤེལ། ཨ་རབ་ཀྱི་བྱིས་པ་འགས་རྡོ་བས་བརྒྱབ་སྟེ་ཉེན་རྟོག་རླངས་འཁོར་གྱི་ཤེལ་སྒོ་བཅག་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དེ་མ་ཐག་ངོ་རྒོལ་མཁན་གཅིག་འཛིན་བཟུང་བྱས་པར་མ་ཟད། འགྱིག་མདེལ་འཕང་སྟེ་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མི་ཚོགས་མཐར་སྐྲོད་བཏང་།

གཅིག་སྟོང་དགུ་བརྒྱ་དོན་དྲུག་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཨ་རབ་ཀྱི་མི་དྲུག་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་བཙན་བཟུང་བྱས་པར་ངོ་རྒོལ་བྱེད་པའི་འདུ་ཚོགས་ཁྲོད་དབྱི་སི་རལ་གྱི་དམག་མིས་བསད་པ་དང་། འདས་པོ་དེ་དག་ལ་རྗེས་དྲན་བྱེད་ཆེད་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་དེ་ཕཱ་ལེ་སི་ཐན་གྱི་ས་ཞིང་ཉིན་མོར་གཏན་འཁེལ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག