མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་རང་འགུལ་སྒོས་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:55

2012年,奥巴马与普京通话.jpg

ཉིས་སྟོང་བཅུ་གཉིས་ལོར། ཨོ་པཱ་མཱ་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་བཞིན་པ།

2011年,普京在出席一个会议前打电话.jpg

ཉིས་སྟོང་བཅུ་གཅིག་ལོར། ཕུའུ་ཅིན་གྱིས་ཁ་པར་གཏོང་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་བརྒྱད་ཉིན་བདེན་དཔང་བྱས་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས་ཟེར།

    རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕྱི་ཕྱོགས་ལ་ཁ་པར་གྲོས་མོལ་དེའི་ནང་དོན་མཚམས་སྦྱོར་བྱེད་སྐབས་རང་རང་ལ་གཙོ་གནད་མི་འདྲ་བ་རེད་ཡོད། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཨོ་པཱ་མཱ་ཡིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ངེས་པར་དུ་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་ནན་བཤད་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཕུའུ་ཅིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་བརྟན་འཇགས་ཡོང་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

    ཕོ་བྲང་དཀར་པོས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཕུའུ་ཅིན་གྱིས་ཁ་པར་བཏང་སྟེ་ཨོ་པཱ་མཱ་དང་མཉམ་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལ་གྲོས་བསྡུར་བྱས། ཇུས་གཞི་དེ་ནི་སྔོན་ཆད་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་སྤྲད་པ་རེད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་གནད་དོན་དབང་གིས་ཨུ་རུ་སི་ལ་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པའི་ཚུན་ལ། དེ་ནི་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཐད་ཀར་གྲོས་མོལ་ཐོག་མ་རེད་ཟེར།

    མིང་བཤད་མི་འདོད་པའི་ཕོ་བྲང་དཀར་པོའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་དེ་ཧ་ལམ་དུས་ཚོད་གཅིག་ཙམ་འགོར་ཡོད་ཟེར།

    ཨོ་པཱ་མཱ་དང་ཕུའུ་ཅིན་གྱིས་ཁ་པར་བཏང་བའི་ཉིན་དེར་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཨོ་པཱ་མཱ་ཡི་བཅར་འདྲིའི་གནས་ཚུལ་བཏང་བ་དང་། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་དམག་དོན་སྦྱོང་བརྡར་ལ་ཁ་གཡར་ནས་ཝུའུ་ཁི་ལན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་མང་བོ་བཀོད་སྒྲིག་བྱས་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ལ་ཁ་གཡར་ནས་ཝུའུ་ཁི་ལན་གྱི་ཤར་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར།

    གནད་དོན་དེ་རིགས་ལ་དམིགས་ཏེ་ཨུ་རུ་སིའི་སྲིད་གཞུང་གིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁ། འཇར་མན། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་གཞན་པའི་འཐུས་མི་རྣམས་གནམ་གྲུར་བསྡད་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་བར་སྣང་དུ་འཕུར་བསྐྱོད་བྱས་ཏེ་ཡུལ་དངོས་ནས་རྟོག་ཞིབ་བྱེད་པར་འཐད་པ་བྱུང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་བཤད་རྒྱུར། ཕུའུ་ཅིན་གྱིས་ཁོ་ལ་ཁག་ཐེག་བྱས་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡང་བསྐྱར་དམག་དོན་འགུལ་སྐྱོད་སྤེལ་རྩིས་མེད་ཟེར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་ཚང་མ་ཁི་ལི་མུས་ཡཱ་དང་ཁ་བྲལ་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་མཚོན་ཆ་དང་སྒྲིག་ཆས་སྐོར་ཞིག་ཕྱིར་སྤྲོད་རྩིས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག