མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་འཚོལ་ཞིབ་བྱ་བར་སྔར་བཞིན་གྲུབ་འབྲས་ཐོབ་མེད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་བཤད་རྒྱུར། གནམ་གྲུ་བརྒྱད་ཉིན་ཉིན་དེར་མཚོ་ཁོངས་གསར་བར་འཚོལ་ཞིབ་བྱས་པ་དང་། གནམ་གྲུ་ལས་ཆུ་ཁར་གཡེང་བའི་དངོས་རྫས་རེ་འགའ་རྙེད་ཀྱང་། དེ་དག་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུར་འབྲེལ་བ་ཡོད་མེད་གསལ་བོར་མི་ཤེས་ཟེར།

ཉིན་དེར་འཚོལ་ཞིབ་བྱེད་སའི་མཚོ་ཁོངས་ཀྱི་ནམ་ཟླའི་གནས་ཚུལ་ཅུང་བཟང་བ་དང་འཚོལ་ཞིབ་བྱེད་སའི་མཚོ་ཁོངས་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་ལྔ་ལྷག་ཡོད། ཆར་བབས་པ་དང་བསྟུན་ནས་སྤྱི་ལེ་བཞི་ཙམ་གྱི་ཁྱབ་ཁོངས་ལས་རྒྱང་རིང་མཐོང་དཀའ་བར་གྱུར་ཡོད་ཟེར། འཚོལ་ཞིབ་ལས་འགན་ལག་བསྟར་བྱེད་མཁན་ལ་དམག་བཀོལ་གནམ་གྲུ་བདུན་དང་འཕྲིན་གཏོང་ཐད་བཀོལ་བའི་དམངས་སྤྱོད་གནམ་གྲུ་གཅིག་བཅས་ཡོད།

ཀྲུང་གོའི་དམག་ཕྱོགས་ཀྱི་དབྱེ་ཨར-76རྟགས་ཅན་གྱི་གནམ་གྲུས་འཚོལ་ཞིབ་བྱེད་སའི་མཚོ་ཁོངས་ནས་ཆུ་ཁར་གཡེང་བའི་དངོས་རྫས་གསུམ་རྙེད་པ་ཐོག་མར་སྙན་ཞུ་བྱས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་མཁའ་དམག་གི་སྐོར་གཡེང་གནམ་གྲུས་ཀྱང་འཚོལ་ཞིབ་བྱེད་སའི་མཚོ་ཁོངས་ཀྱི་གནས་གཞན་ཞིག་ནས་ཆུ་ཁར་གཡེང་བའི་དངོས་རྫས་འགའ་རྙེད་པ་སྙན་ཞུ་བྱས། ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་ནན་གྱིས་བསྟན་དོན། དངོས་རྫས་དེ་དག་གྲུ་གཟིངས་ལས་གར་ཡོད་ཀྱི་གནས་གཏན་འཁེལ་བྱས་ཏེ་མཚོ་ཁར་ལེན་རག་བར་དུ་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུར་འབྲེལ་བ་ཡོད་མེད་གསལ་བོར་ཤེས་ཐབས་མེད་ཟེར།

ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། འཚོལ་ཞིབ་བྱ་བ་དེ་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོར་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གི་ཐུའུ་ཝུན་པཱ་རྟགས་ཅན་གྱི་འགེབ་སྲུང་གྲུ་གཟིངས་ཉིན་དེར་པའོ་སི་ཉེ་འདབས་ཀྱི་རྟེན་གཞི་དང་ཁ་བྲལ་ནས། འབྲེལ་ཡོད་མཚོ་ཁོངས་སུ་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་གནམ་གྲུར་འབྲེལ་བའི་དངོས་རྫས་འཚོལ་ཞིབ་བྱེད་པར་སོང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག