མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:55

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ཡིས་ཚེས་ཉེར་དགུའི་ཉིན་བསྐྱར་སྒྲོག་བྱས་དོན། ཀྲིན་ཀྲུའུ་ཏང་གིས་ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ལོ་ངོ་གསུམ་འགོར་བའི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ནཱ་སི་ལུའུ་ལཱ་ཡིས་ཉིན་དེའི་དགོང་མོར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་ཨེ་ནཱ་ཐཱ་ནས་སྤེལ་བའི་རིག་གནས་དང་རྩོམ་རིག་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཀྲིན་ཀྲུའུ་ཏང་གིས་ནམ་རྒྱུན་སི་རི་ཡཱ་ལ་བཅོས་བསྒྱུར་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་རེ་འདོད་བསྐང་དགོས་པའི་འདོད་བློ་བཏོན་ཡོད་པ་དང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱའི་ད་ཡོད་སྲིད་གཞུང་རྩ་རྫོགས་བྱེད་པ་དང་སི་རི་ཡཱ་རྒྱལ་ཁབ་ལ་གཏོར་བཤིག་གཏོང་བར་འཐད་པ་མིན་ལ། འཐབ་ཇུས་ཀྱི་གདམ་གསེས་རེ་འགའ་སི་རི་ཡཱ་ལ་བཙན་པོ་གཉའ་འཇོག་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱའི་ཉམས་ཉེན་བྱུང་མ་ཐག་ནས་བཟུང་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལམ་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད་ཡོད་ལ། ཉམས་ཉེན་དེ་ལོ་གསུམ་འགོར་རྗེས་ང་ཚོའི་བསམ་ཚུལ་དེ་ཡང་དག་ཡིན་པ་བདེན་དཔང་ཐོབ་ཡོད་ཟེར། ཁོས་རྒྱལ་ཁབ་རེ་འགས་དམག་དོན་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས།

ལེ་པཱ་ནུན་གྱི་ཙུང་ཐུང་འདེམ་བསྐོའི་ཐད་ནས་ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་དུས་ལྟར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བར་འཐད་པ་ཡིན་པར་མ་ཟད། སྔ་མོ་ནས་འདེམ་བསྐོའི་བྱ་འགུལ་དེ་སྤེལ་ནས་དུས་རིམ་རྗེས་མར་རྒྱལ་ཡོངས་ཀྱི་གྲོས་མོལ་བྱས་ནས་རྒྱལ་ཁབ་སྐྱོབ་པར་དམིགས་པའི་སྲུང་འཐབ་འཇུས་ཀྱི་གྲོས་བསྡུར་ལ་གྲ་སྒྲིག་གང་ལེགས་བྱེད་པར་སྟབས་བདེ་བཟོ་བར་རེ་བས་ཁེངས་ཡོད་ཟེར།

ལེ་པཱ་ནུན་རྒྱལ་ནང་གི་བདེ་འཇགས་གནས་བབ་གླེང་སྐབས། ནཱ་སི་ལུའུ་ལཱ་ཡིས་ཕྱོགས་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ལེ་པཱ་ནུན་གྱི་ས་ཁུལ་རེ་འགའ་དང་ཁྱད་པར་དུ་བྱང་ཕྱོགས་ཀྱི་ཏི་ལེ་པའོ་ལི་གྲོང་ཁྱེར་དང་ཤར་ཕྱོགས་ཀྱི་པེ་ཁཱ་ས་ཁུལ་དུ་རྒྱུན་པར་འབྱུང་བཞིན་པའི་དྲག་ཤུགས་དོན་རྐྱེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག