མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཙུང་ལི་ཡིས་དམག་དཔུང་ལ་འཇབ་རྒོལ་ཐེབས་ཀྱང་སྲིད་གཞུང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་པ་ནན་བཤད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ཡིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། ཉིན་དེར་ལེ་པཱ་ནུན་གྱི་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལས་སྲིད་གཞུང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ཟེར།

སཱ་ལཱ་མུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་ཤར་ཕྱོགས་ཀྱི་ཨ་ཨར་སཱ་ལེ་ས་ཁུལ་གྱི་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེའི་དགོང་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། དོན་རྐྱེན་དེ་ནི་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་དུ་བདེ་འཇགས་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པའི་སྐབས་སུ་བྱུང་ཞིང་། དེ་ནི་སྐོར་ཐེངས་གསར་བའི་འཇིགས་སྐུལ་བྱ་འགུལ་ཞིག་ཡིན་ལ། དམིགས་ཡུལ་ནི་ལེ་པཱ་ནུན་གྱི་བརྟན་འཇགས་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་གཏོར་བརླག་བྱེད་པའི་ཆེད་དུ་རེད། འཇིགས་སྐུལ་འཇབ་རྒོལ་དེ་ལས་ལེ་པཱ་ནུན་སྲིད་གཞུང་གིས་མིག་སྔར་བཏོན་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་ཆམ་ཕབ་གཏོང་བའི་ཆབ་སྲིད་ཀྱི་ཆོད་དོན་ལ་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་སྔར་ལས་ཇེ་ཆེར་འགྲོ་སྲིད་ཟེར།

སཱ་ལཱ་མུའུ་ཡིས་བསྟན་དོན། ལེ་པཱ་ནུན་སྲིད་གཞུང་གིས་ཤུགས་ཆེན་པོས་དམག་དཔུང་གིས་རྒྱལ་ཁབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་དམག་དཔུང་དང་བདེ་འཇགས་ལས་ཁུངས་སོ་སོས་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ་སྔ་མོ་ནས་འཇིགས་སྐུལ་ཉེས་ཅན་དག་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག