མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གསུམ་ལ་རྨས་ཕོག་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་དང་ཉེ་འདབས་ས་ཁུལ་དུ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་གཉིས་ཀྱིས་སོ་སོར་བདེ་འཇགས་དམག་དཔུང་གི་སྒར་ས་ཞིག་དང་དམག་ཕྱོགས་ཀྱི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་བདེ་འཇགས་དམག་དཔུང་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཉིས་ལ་རྨས་ཕོག

ཨན་པཱ་ཨར་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཧྥེ་ལུའུ་ཅེ་དང་དེའི་ཉེ་འཁོར་གྱི་ཁཱ་མཱ་གྲོང་རྡལ་ནས། བདེ་འཇགས་དམག་དཔུང་དང་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། དྲག་ཆས་མི་སྣ་བདུན་བསད་པ་དང་། གཞན་ཡང་མི་སེར་དཀྱུས་མ་དྲུག་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཟེར།

དེ་ལས་གཞན་རྒྱལ་ས་པཱ་ཀ་ཏཱ་དང་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་སོགས་ནས་ལྐོག་གསོད་དང་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་བསད་པ་དང་མི་བཅོ་ལྔ་ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག