མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ས་ཆ་མང་བོ་ནས་རྔམ་སྟོན་པ་དང་དམག་མིའི་བར་དུ་འཁྲུག་རྩོད་བྱུང་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཚེས་ཉེར་བརྒྱད་ཉིན་ཨེ་ཅིབ་ཀྱི་ས་ཆ་མང་བོ་ནས་ཁྲོམ་སྐོར་རྔམ་སྟོན་བྱས་པ་མ་ཟད། དམག་མི་དང་ཉེན་རྟོག་པ། སྡོད་དམངས་བཅས་ཀྱི་བར་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག

རྒྱལ་ས་ཁའེ་ལོ་ཡི་ཨེ་དབྱིན་ཞ་མུའུ་སི་ས་ཁུལ་ནས། རྔམ་སྟོན་པ་དང་དམག་མིའི་བར་དུ་འཁྲུག་རྩོད་དྲག་པོ་བྱུང་། ཨེ་ཅིབ་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་དབྱིན་ཞ་མུའུ་སི་ས་ཁུལ་ཀྱི་འཁྲུག་རྩོད་ཁྲོད་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དུ་ས་དེའི་ཚགས་པར་ཁང་ཞིག་ཏུ་བྱ་བ་སྒྲུབ་བཞིན་པའི་བུད་མེད་གསར་འགོད་པ་ཞིག་ཀྱང་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁའེ་ལོ་ཡི་ས་ཁུལ་གཞན་དག་དང་། ཅི་སཱ། ཡ་ལེ་ཧྲན་ཏ། ཏ་མུས་ཨེ་ཐ། ཧྥ་ཡུག་མུའུ་སོགས་ཞིང་ཆེན་བཅུ་ཕྲག་ནས་ཀྱང་། མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཉིན་དེར་ཁྲོམ་སྐོར་རྔམ་སྟོན་བྱས་པ་དང་། ས་ཆ་ཁ་ཤས་ནས་འཁྲུག་རྩོད་བྱུང་ཟེར།

ཨེ་ཅིབ་ཀྱི་དམག་ཕྱོགས་ཀྱི་མགོ་ཁྲིད་པ་སའེ་ཞི་ཟེར་བ་དེས་ཚེས་ཉེར་དྲུག་ཉིན་ཁོས་དྲག་ཆས་ཉེན་རྟོག་དམག་དཔུང་གི་སྤྱི་ཁྱབ་བཀའ་འཛིན་དཔོན་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་བསྐྱུར་ནས། མི་འགྱང་བར་ཨེ་ཅིབ་ཀྱི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཡིན་ཞེས་བསྒྲགས་པས། ཨེ་ཅིབ་ཀྱི་མུའུ་སི་ལིན་སྤུན་ཟླ་ཚོགས་པས་མགོ་ཁྲིད་པའི་ཁྲིམས་མཐུན་རང་བཞིན་རྒྱབ་སྐྱོར་རྒྱལ་ཡོངས་མནའ་འབྲེལ་ཞེས་པ་དེས་མི་རྣམས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྲོམ་སྐོར་བྱས་ཏེ། སའེ་ཞི་ཙུང་ཐུང་གི་འདེམ་བསྐོ་ལ་ཞུགས་པར་ངོ་རྒོལ་བྱེད་རྒྱུའི་འབོད་སྐུལ་བཏང་།

ན་ནིང་དམག་ཕྱོགས་ཀྱིས་ཙུང་ཐུང་མུའུ་ཨར་ཞི་ཡི་གོ་གནས་བླངས་རྗེས། ཨེ་ཅིབ་ནས་དྲག་ཤུགས་འཁྲུག་རྩོད་མཚམས་མ་ཆད་པར་བདེ་འཇགས་གནས་བབ་ཧ་ཅང་ཇེ་སྡུག་ཏུ་གྱུར། མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་དང་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁོངས་མིས་གཟའ་འཁོར་རེའི་གཟའ་པ་སངས་ཉིན་ས་ཆ་སོ་སོ་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་ཐལ་སྐྱོད་དྲག་ཆས་མི་སྣས་ཉེན་རྟོག་ཁང་དང་ཞིབ་བཤེར་ས་ཚིགས་སོགས་ལ་དམག་དཔུང་དང་ཉེན་རྟོག་པའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ་མི་སྣ་མང་བོ་ཤི་རྨས་བཟོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག