མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་པའི་ཧྲུའུ་ཡིས་ལེ་པ་ནུན་ལ་བྲོས་བྱོལ་བྱས་པའི་སི་རི་ཡའི་ཡུལ་གྱར་པ་འབུམ་དགུ་དང་ཁྲི་དགུ་ལ་བསླེབས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་ལས་དོན་མཐོ་རིམ་ཆེད་མི་གཞུང་དོན་ཁང་གིས་ཚེས་ཉེར་བརྒྱད་ཉིན་པེ་རུ་ཐི་ནས་བསྒྲགས་རྒྱུར། ད་ལྟ་ལེ་པ་ནུན་ལ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་པའི་ཐོབ་ཐང་བརྩོན་ལེན་བྱེད་པའི་སི་རི་ཡའི་མི་འབུམ་དགུ་དང་ཁྲི་དགུ་ལ་བསླེབས་པ་དང་། གཟའ་འཁོར་སྔོན་མ་ལས་མི་ཁྲི་གཅིག་གིས་ཇེ་མང་ལ་སོང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་པའི་ཧྲུའུ་ཡིས་ཉིན་དེར་སྙན་ཞུ་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་པའི་ཧྲུའུ་ཡིས་ལེ་པ་ནུན་གྱི་ས་ཆ་ཁ་ཤས་ན་བཙུགས་ཡོད་པའི་ཐོ་འགོད་ས་ཚིགས་ནས་སི་རི་ཡའི་ཡུལ་གྱར་པར་ཐོ་འགོད་བྱས་པ་དང་། མིག་སྔར་མི་འབུམ་དགུ་དང་ཁྲི་བཞི་སྟོང་གཅིག་གིས་ཐོ་འགོད་བྱས་ཚར་བ་དང་། མི་ཁྲི་ལྔ་ཙམ་གྱིས་ཐོ་འགོད་བྱེད་པར་སྒུག་ཡོད་ཅེས་བཤད།

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་པའི་ཧྲུའུ་ཡི་ལེ་པ་ནུན་དུ་སྡོད་པའི་འཐུས་ཚབ་ཁང་གི་མགྲིན་ཚབ་པ་སུའུ་ལའེ་མན་གྱིས་ཚེས་ཉེར་དྲུག་ཉིན་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཆེས་གསར་བའི་བསྡོམས་རྩིས་ལྟར་ན། ཐོ་འགོད་བྱས་ཟིན་པའི་སི་རི་ཡའི་ཡུལ་གྱར་པའི་ཁྲོད་དུ། བརྒྱ་ཆའི་བདུན་ཅུ་ལ་འབྲུ་རིགས་ཀྱི་མུག་སྐྱོབ་མཁོ་བ་དང་། སློབ་ལོ་རན་པའི་བྱིས་པ་ཡོད་ཚད་ཀྱིས་སློབ་གསོ་མྱོང་དགོས་ལ། སྦྲུམ་མ་དང་ནད་པར་སྨན་བཅོས་ཞབས་ཞུ་མཁོ་ཞིང་། གསར་དུ་ཐོན་པའི་ཡུལ་གྱར་པར་འདུག་ས་དགོས་ཟེར། ཁོ་མོས་ཡུལ་གྱར་པའི་ཧྲུའུ་ཡིས་ནུས་ཤུགས་ཡོད་རྒུས་སི་རི་ཡའི་ཡུལ་གྱར་པ་སྔར་ལས་མང་པོར་རོགས་སྐྱོབ་བྱེད་བཞིན་ཡོད་ཅེས་བཤད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་པའི་ལས་དོན་གྱི་མཐོ་རིམ་ཆེད་མི་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་བཞི་ཉིན་ལེ་པ་ནུན་ལ་འཚམས་འདྲི་བྱེད་སྐབས། ལོ་གསུམ་ལ་རྒྱུན་བསྲིངས་པའི་སི་རི་ཡའི་ཉམས་ཉེན་ཁྲོད་ནས་མི་ས་ཡ་གཉིས་དང་འབུམ་ལྔ་དམག་འཁྲུག་ལ་གཡོལ་ཆེད་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པ་དང་། ལེ་པ་ནུན་ནི་སི་རི་ཡའི་ཡུལ་གྱར་པ་དང་ལེན་བྱས་པ་ཆེས་མང་བའི་རྒྱལ་ཁབ་རེད་ཅེས་བཤད། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པ་ནུན་ལ་རོགས་རམ་བྱེད་དགོས་པ་ལས། ཡུལ་གྱར་པར་བརྟེན་ནས་བྱུང་བའི་འགྲན་རྩོད་ཆེན་པོ་དེར་ལེ་པ་ནུན་གཅིག་པུར་ཁ་གཏད་འཇལ་དུ་འཇུག་མི་རུང་བའི་འབོད་སྐུལ་བཏང་། ལེ་པ་ནུན་གྱི་ཙུང་ཐུང་སུའུ་ལའེ་མན་གྱིས་ཚེས་ཉེར་ལྔ་ཉིན་ཁོ་ཝེ་ཐི་ནས་ཚོགས་པའི་ཨ་རབ་རྒྱལ་ཁབ་ཀྱི་མགོ་གཙོའི་གྲོས་ཚོགས་སྟེང་རྒྱལ་ཁབ་སྔར་ལས་མང་བོས་སི་རི་ཡའི་ཡུལ་གྱར་པར་བརྟེན་ནས་བྱུང་བའི་ཁུར་བོ་ལྕི་མོ་ཕྲག་ཏུ་ལེན་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག