མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལེ་ཞི་ཡའི་གར་སོང་མ་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་པའི་རྒྱ་ཁྱོན་ཤར་བྱང་ཕྱོགས་སུ་བསྐྱེད་པ་དང་གནམ་གྲུ་བཅུ་འཚོལ་ཞིབ་ལ་ཞུགས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན། མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་ཤེས་པར་ཉིན་ཉེར་གཅིག་འགོར་བ་རེད། ཧིན་རྡུ་རྒྱ་མཚོ་ལྷོ་མ་རུ་སྔར་བཞིན་གནམ་གྲུའི་ཆག་རོ་འཚོལ་ཞིབ་བྱེད་བཞིན་ཡོད་ལ། འཚོལ་ཞིབ་ཀྱི་རྒྱ་ཁྱོན་དེ་ཤར་བྱང་ཕྱོགས་སུ་སྤྱི་ལེ་སྟོང་གཅིག་དང་བརྒྱ་བསྐྱེད་དེ། ཕོ་སི་གྲོང་ཁྱེར་ནུབ་ཕྱོགས་ཀྱི་སྤྱི་ལེ་སྟོང་གཅིག་དང་དྲུག་བརྒྱ་བརྒྱད་ཅུའི་མཚམས་སུ་བསྣུར་ལ། འཚོལ་ཞིབ་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་གཅིག་སྟོང་དགུ་ཙམ་ཡོད།

མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ཚབ་མ་ཞི་ཧྲ་མུའུ་ཏེན་གྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། མིག་སྔར་ཆེས་གལ་ཆེ་བའི་དམིགས་ཡུལ་ནི་གནམ་གྲུའི་ཆག་རོ་འཚོལ་རྒྱུ་དེ་ཡིན་ལ། དེ་རིང་གི་གསར་འགྱུར་ཆེས་གལ་ཆེ་བ་ནི་འཚོལ་ཞིབ་ཀྱི་ཁྱབ་ཁོངས་གསར་བ་གཏན་ལ་ཕབ་པ་དེ་རེད་ཟེར།

ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཁང་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། རེག་བརྡའི་གཞི་གྲངས་ལ་སྔར་ལས་དབྱེ་ཞིབ་བྱས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུའི་མགྱོགས་ཚད་དེ་སྔོན་ཚོད་དཔག་བྱས་པ་ལས་མྱུར་ལ། སྣུམ་འགྲོ་ཚད་ཀྱང་སྔར་ལས་ཆེ་བས། གནམ་གྲུ་མཚོ་ནང་དུ་ལྷུང་ས་དེ་སྔོན་ལ་ཚོད་དཔག་བྱས་པ་ལས་བར་ཐག་ཅུང་ཆུང་བར་བརྡར་ཤ་བཅད་ཡོད་ཟེར།

མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྱང་ཉིན་དེར་བཤད་རྒྱུར། ཀྲུང་གོ་དང་དབྱིན་ཇི། ཨ་མེ་རི་ཁ། མ་ལེ་ཞི་ཡ་བཅས་ཀྱི་འཐུས་མིས་འཁོར་སྐར་གྱི་གཞི་གྲངས་ལ་དབྱེ་ཞིབ་བྱེད་བཞིན་ཡོད་པ་དང་། གཞི་གྲངས་ལྟར་ན་གནམ་གྲུ་མཇུག་མཐར་ལྷུང་ས་ནི་ཕོ་སི་ནུབ་ཕྱོགས་ཀྱི་མཚོ་ཁོངས་རེད། གནམ་གྲུ་འཕུར་ཚད་མགྱོགས་པ་དང་། སྣུམ་འགྲོ་ཚད་ཀྱང་སྔོན་དཔག་བྱས་པ་ལས་མང་བས། ད་ལྟའི་འཚོལ་ཞིབ་བྱེད་ས་དེ་བྱང་ཕྱོགས་སུ་བསྣུར་བ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཚེས་ཉེར་བརྒྱད་ཉིན་གནམ་གྲུ་བཅུ་དང་གྲུ་གཟིངས་དྲུག་འཚོལ་ཞིབ་བྱེད་ས་གསར་བའི་ཕྱོགས་སུ་མངགས་པ་དང་། དེའི་ནང་དུ་ཀྲུང་གོའི་གྲུ་གཟིངས་ལྔ་ཡོད། གྲུ་གཟིངས་མཚོ་སྐོར01ཅེས་པ་དེ་མིག་སྔར་འཚོལ་ཞིབ་ས་ཁོངས་གསར་བ་དེར་ཐོན་པའི་གྲུ་གཟིངས་གཅིག་པུ་ཡིན་ལ། དེའི་ལས་འགན་གཙོ་བོ་ནི་རྒྱང་བལྟ་བྱས་ཏེ། གལ་ཏེ་དོགས་པ་ཟ་བའི་དངོས་རྫས་ཡོད་ཚེ། མྱུར་དུ་དབྱེ་ཞིབ་བྱས་ཏེ་མཚོ་ཁར་ལེན་རྒྱུ་དེ་རེད།

ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་བཤད་རྒྱུར། ད་ལྟ་འཚོལ་ཞིབ་ཀྱི་དུས་རིམ་གསར་བར་བསླེབས་ཡོད་ལ། མིག་སྔའི་འཚོལ་ཞིབ་གཙོ་བོ་ཐབས་ལམ་གཉིས་ལ་བརྟེན་ཡོད་དེ། གཅིག་ནི་གཞི་གྲངས་དང་འཁོར་སྐར་པར་རིས་སོགས་ལ་བརྟེན་བཞིན་ཡོད་པ་དང་། ཅིག་ཤོས་ནི་མཚོ་ཆུའི་འགྱུར་ལྡོག་ལ་བལྟ་རྒྱུ་དེ་ཡིན། ད་ལྟ་མཚོ་ངོས་སུ་ཚད་ལེན་སྒྲིག་ཆས་མང་བོ་བཞག་སྟེ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

སྒམ་ཆུང་ནག་པོའི་གློག་རྡོ་ཚར་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་ལ། སྒམ་ཆུང་ནག་པོ་བཙལ་ནས་རྙེད་མིན་དེ་ཡང་མི་རྣམས་ཀྱིས་སེམས་ཁུར་བྱེད་ཡུལ་དུ་གྱུར་ཡོད། དེའི་ཐད་ནས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ད་ལྟའི་འཚོལ་ཞིབ་ཀྱི་ཐབས་ལམ་ལ་འཁོར་སྐར་དང་མཚོ་ཐོག་གི་གྲུ་གཟིངས། གནམ་གྲུ། མཚོ་གཏིང་འཚོལ་ཞིབ་བཅས་མཉམ་དུ་སྤྱོད་བཞིན་ཡོད་པ་དང་། མིག་སྔར་འཚོལ་ཞིབ་ཀྱི་ས་ཁོངས་བསྟུད་མར་ཇེ་ཆུང་དུ་གཏོང་དགོས་ཞེས་བཤད།

མ་ལེ་ཞི་ཡ་ཕྱོགས་ཀྱིས་བཤད་རྒྱུར། སྒམ་ཆུང་ནག་པོའི་གློག་རྡོ་ཚར་ནས་བརྡ་རྟགས་སྟོན་མཚམས་བཞག་ན་ཡང་མ་ལེ་ཞི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་སྒམ་ཆུང་ནག་པོ་འཚོལ་རྒྱུ་ཡིན་ལ། གནམ་གྲུ་གར་སོང་མ་ཤེས་པར་ཉིན་སུམ་ཅུ་འགོར་རྗེས། མ་ལེ་ཞི་ཡ་ཕྱོགས་ཀྱིས་མཚོ་གཏིང་གི་འཚོལ་ཞིབ་དང་ཆག་རོ་མཚོ་ཁར་ལེན་པར་བསམ་གཞིགས་གཏོང་རྒྱུ་ཡིན་ཟེར།

ཨོ་སི་ཁྲུ་ལི་ཡའི་བཀོད་འདོམས་དཔོན་པོས་བཤད་རྒྱུར། ཆག་རོ་དངོས་སུ་མཚོ་ཁར་བླངས་ན་འཚོལ་ཞིབ་བྱ་བར་ད་གཟོད་གྲུབ་འབྲས་ཐོབ་པ་ཡིན་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་འཚོལ་ཞིབ་ཀྱི་འགུལ་སྐྱོད་ལ་མཇུག་མཐའི་དུས་ཚོད་གཏན་ཁེལ་བྱས་མེད་ཟེར།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སོས་ཀྱིས་ཚེས་ཉེར་བདུན་ཉིན་ཀྲུང་གོའི་གནམ་གྲུའི་སྟེང་གི་འགྲུལ་བའི་ཁྱིམ་མི་རྣམས་ལ་ཀྲུང་གོས་འཁོར་སྐར་ཉེར་གཅིག་དང་གྲུ་གཟིངས་བཅུ་ལྷག གནམ་གྲུ་བཅུ་ཕྲག་བཅས་བཀོལ་ནས་འཚོལ་ཞིབ་བྱེད་བཞིན་ཡོད་ལ། རེ་བ་ཉག་ཙམ་ཡོད་ཚེ་འཚོལ་ཞིབ་བྱེད་མཚམས་གཏན་ནས་འཇོག་མི་སྲིད་ཅེས་བཤད།

ཞི་ཧྲ་མུའུ་ཏེན་གྱིས་ཉིན་དེར་སྲིད་གཞུང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གནམ་གྲུ་གར་སོང་མ་ཤེས་པའི་དོན་རྐྱེན་ཐད་ཀྱི་མ་ལེ་ཞི་ཡའི་རྣམ་འགྱུར་སྐོར་གླེང་སྐབས། གལ་ཏེ་ཡང་བསྐྱར་གོ་སྐབས་ཤིག་བྱུང་བའི་དབང་དུ་བཏང་ན་ཡང་མ་ལེ་ཞི་ཡ་ཕྱོགས་ཀྱི་རྣམ་འགྱུར་ནི་སྔར་དང་གཅིག་འདྲ་ཡིན། ལོ་རྒྱུས་ཀྱིས་དེར་དྲང་གཞག་གི་བདེན་དཔང་བྱེད་ངེས་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག