མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མ་ཡིས་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་ཉེ་ས་ནས་ཨུ་རུ་སིའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་ཉེར་བརྒྱད་ཉིན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་ཉེ་ས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་མ་ཟད་ཝུའུ་ཁི་ལན་སྲིད་གཞུང་ལ་ཐད་ཀར་དུ་གྲོས་མོལ་བྱེད་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།

ཨོ་པ་མ་ཡིས་ཨ་མེ་རི་ཁའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་ཟིའི་ལེ་ཚན་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིས་དམག་དོན་སྦྱོང་བརྡར་ལ་ཁ་གཡར་ནས་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་ཉེ་སར་དམག་དཔུང་མང་བོ་བཀོད་སྒྲིག་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ཝུའུ་ཁི་ལན་ལ་འཇིགས་སྣང་སློང་འདོད་པ་དང་ཡང་ན་དམིགས་ཡུལ་གཞན་པ་ཡོད་པ་གང་ཡིན་རུང་ཨུ་རུ་སིས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་དང་། དེ་དང་མཉམ་དུ་ཝུའུ་ཁི་ལན་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐད་ཀར་དུ་གྲོས་མོལ་བྱེད་མགོ་བརྩམས་ནས། གནས་བབ་ཐག་གཅོད་བྱེད་རྒྱུ་མ་ཟད་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར།

ཨོ་པ་མ་ཡིས་ཨ་མེ་རི་ཁས་ཨུ་རུ་སི་ཁེར་རྐྱང་དུ་ཕུད་མི་འདོད་ལ། ཝུའུ་ཁི་ལན་མི་དམངས་ཀྱི་འཚོ་བ་དེ་རང་ཉིད་ཀྱིས་ཐག་གཅོད་དགོས་ཞེས་བསྐྱར་བསྒྲགས་བྱས།

ཨོ་པ་མ་ཡིས་གཟའ་འཁོར་འདིའི་ནང་ཡོ་རོབ་གླིང་ལ་འཚམས་འདྲི་བྱེད་སྐབས། ཝུའུ་ཁི་ལན་གྱི་གནད་དོན་ནི་གྲོས་གཞི་གཙོ་བོ་རེད། ཁོས་ཨ་མེ་རི་ཁ་དང་ཨ་རིའི་མནའ་གྲོགས་ཀྱིས་ཨུ་རུ་སི་ཡིས་རྗེས་ཕྱོགས་ཝུའུ་ཁི་ལན་ལ་སྤེལ་བའི་འགུལ་སྐྱོད་དེར་བཀག་སྡོམ་བྱེད་ཐབས་སྔར་ལས་ནན་མོ་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་དུ་ཨུ་རུ་སིའི་ནུས་ཁུངས་སོགས་སྡེ་ཁག་གཙོ་བོར་བཀག་སྡོམ་བྱེད་པའི་བྱེད་ཐབས་ཀྱང་འདུ་ཞེས་བཤད།

ཝུའུ་ཁི་ལན་གྱི་ཁི་ལེ་མུས་ཡ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་དམངས་ཡོངས་ཀྱིས་འདེམ་ཤོག་འཕངས་ཏེ། འདེམ་ཤོག་འཕེན་མཁན་བརྒྱ་ཆའི་གོ་བདུན་ཁི་ལེ་མུས་ཡ་ཨུ་རུ་སིའི་མངའ་ཁོངས་སུ་ཞུགས་པར་འཐད་པ་བྱུང་། ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁི་ལེ་མུས་ཡ་དང་སའེ་ཝ་སི་ཐོ་པོ་ཨར་གྱི་འཐུས་མི་དང་མཉམ་དུ་ཆིངས་ཡིག་བཀོད་དེ། ཁི་ལེ་མུས་ཡ་དང་སའེ་ཝ་སི་ཐོ་པོ་ཨར་གཉིས་རྒྱལ་ཕྲན་གྱི་ཚུལ་དུ་ཨུ་རུ་སིའི་ཁོངས་སུ་ཞུགས་སུ་བཅུག ཚེས་ཉེར་གཅིག་ཉིན་ཕུའུ་ཅིན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཆོག་མཆན་བཀོད་པའི་ཁི་ལེ་མུས་ཡ་ཨུ་རུ་སིའི་ཁོངས་སུ་ཞུགས་པའི་ཆིངས་ཡིག་དང་། དེའི་གོ་གནས་དང་མཐའ་མཚམས་གཏན་ཁེལ་སོགས་ཀྱི་ནང་དོན་ཞིབ་ཅིང་ཕྲ་བའི་རྩ་ཁྲིམས་སྲོལ་ཡིག་སྟེང་མིང་བཀོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག