མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་ཀྱིས་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་དྲན་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་ཀྱིས་ཚེས27ཉིན་ཏུང་ཅིན་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་དྲན་བྱ་འགུལ་སྤེལ། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་དང་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཁྲིན་ཡུང་ཧྭ་སོགས་བྱ་འགུལ་ལ་ཞུགས་ཏེ་རྟེན་འབྲེལ་ཞུས།

འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་ནི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཁག་བདུན་གྱི་ཡ་གྱལ་ཡིན་ཞིང་གཅིག་སྟོང་དགུ་བརྒྱ་ང་བཞིའི་ལོར་བཙུགས། ད་ལྟའི་ཚོགས་གཙོ། སྔོན་ཆད་ཀྱི་འཇར་པན་དམངས་གྲོས་ཁང་གི་གྲོས་དཔོན་ཧི་ཡེ་དབྱང་ཕེན་གྱིས་རྗེས་དྲན་བྱ་འགུལ་སྤེལ་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ལོ་རྒྱུས་ལ་ཕྱིར་དྲན་བྱས་ན་འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་ཀྱིས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསད་དེ་ཀྲུང་གོ་དང་འཇར་པན་གྱི་བརྗེ་རེས་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཡོད། ཕྱིན་ཆད་མུ་མཐུད་དུ་དམངས་ཁྲོད་ནས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་རྒྱ་བསྐྱེད་པར་འབད་འབུངས་བྱེད་ངེས་ཡིན་ཟེར།

ཁྲིན་ཡུང་ཧྭ་ཡིས་ཞུ་ཚིག་ཕུལ་ཏེ་བསྟན་དོན། འཇར་པན་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་དང་སྐབས་རིམ་པའི་ཚོགས་གཙོ་ཡིས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་ཡར་སྐུལ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས་ང་ཚོས་བརྗེད་མི་རུང་། དེང་སྐབས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དཀའ་ཁག་ལ་འཕྲད་པའི་སྐབས་སུ་ཚོགས་གཙོ་ཧི་ཡེ་དབྱང་ཕེན་གྱིས་དྲང་བདེན་གྱི་འབོད་སྐུལ་གཏོང་བའི་ཆབ་སྲིད་བློ་སྤོབས་ལ་ང་ཚོས་བསྔགས་བརྗོད་བྱེད་འོས་ཟེར། ཁོས་བཤད་རྒྱུར། དམངས་ཁྲོད་ཀྱི་མཛའ་མཐུན་བརྗེ་རེས་ནི་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ཁྲོད་མེད་དུ་མི་རུང་བའི་ཁྱད་ནོར་ཡིན་པས། ཕྱོགས་སོ་སོས་གནད་དོན་སྣ་ཚོགས་ཐག་གཅོད་གང་ལེགས་བྱས་ཏེ། དཔལ་འབྱོར་དང་དམངས་ཁྲོད། ས་གནས་བཅས་ཀྱི་བརྗེ་རེས་ལ་ཡར་སྐུལ་བྱེད་དགོས་ཟེར།

འཇར་པན་དང་ཀྲུང་གོའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཅང་ཐེན་ཝུའུ་ཡོས་དང་། ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཡུས་ཕེན་སོགས་སྐུ་མགྲོན་བརྒྱ་ལྷག་རྗེས་དྲན་བྱ་འགུལ་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག