མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་བདེ་འཇགས་འཆར་གཞི་ལག་བསྟར་བྱེད་རྒྱུ་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་སྲིད་གཞུང་གིས་ཚེས27ཉིན་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པའི་བདེ་འཇགས་འཆར་གཞི་ཞིག་ལག་བསྟར་བྱེད་རྒྱུ་ཐག་བཅད། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ནེ་ཀིའི་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་བྱང་ཕྱོགས་ཀྱི་ཏི་ལེ་པའོ་ལི་གྲོང་ཁྱེར་གྱི་འཁྲུག་རྩོད་གནས་བབ་ཇེ་སྡུག་ཏུ་འགྲོ་བ་དང་། བྱང་ཕྱོགས་དང་ཤར་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་གནས་བབ་ཚབས་ཆེན་དུ་གྱུར་བའི་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། ལེ་པཱ་ནུན་གྱི་ཆེས་མཐོའི་འགོག་སྲུང་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་བདེ་འཇགས་འཆར་གཞིའི་སྐོར་གྱི་ཇུས་གཞི་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ལེ་པཱ་ནུན་གྱི་གསར་འགྱུར་པུའུ་ཀྲང་ཅེ་ལེ་ཅེ་ཡིས་ཚོགས་འདུ་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སུའུ་ལེ་མན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། ཏི་ལེ་པའོ་ལི་སོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བར་བཟོད་སྒོམ་བྱེད་ཐབས་མེད་པ་དང་། ངེས་པར་དུ་མྱུར་མོར་རྩ་བ་ནས་ཐག་གཅོད་བྱེད་དགོས་ཟེར། ཙུང་ལི་སཱ་ལཱ་མུའུ་ཡིས་ནན་གྱིས་བསྟན་དོན། བདེ་འཇགས་གནད་དོན་ནི་སྲིད་གཞུང་གསར་བས་ཐོག་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་རེད་ཟེར།

ཅེ་ལེ་ཅེ་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་ནེ་ཀིའི་གྲོས་ཚོགས་ནས་དམག་དཔུང་དང་བདེ་འཇགས་དམག་དཔུང་། དེ་མིན་བདེ་འཇགས་ལས་ཁུངས་གཞན་པར་བཅོལ་གདམ་བྱས་ཏེ་བདེ་འཇགས་འཆར་གཞི་དེ་ལག་བསྟར་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་དང་། ཏི་ལེ་པའོ་ལི་སོགས་ས་ཁུལ་ནས་མཚོན་ཆ་བཀོལ་སྤྱོད་བྱེད་པར་གཏན་འགོག་བྱེད་པ་དང་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་གཞུང་བཞེས་བྱེད་རྒྱུ་མ་ཟད། བྱེད་ཐབས་གང་རུང་སྤྱད་དེ་མི་སེར་དཀྱུས་མ་དམར་གསོད་དང་བཙན་ཁྲིད་བྱེད་པའི་ཁྲིམས་འགལ་ཉེས་ཅན་དག་ཁྲིམས་ལ་སྦྱོར་རྒྱུ་ཐག་བཅད། གྲོས་ཚོགས་ནས་ད་རུང་མེ་སྒོར་དུང་ཕྱུར་གཅིག་བཏང་སྟེ་ཏི་ལེ་པའོ་ལི་གྲོང་ཁྱེར་གྱི་འཕེལ་རྒྱས་ལས་གཞི་ལག་བསྟར་བྱེད་པའི་ཐད་བཀོལ་རྒྱུ་ཐག་བཅད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག