མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་དོ་སྣང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཚེས་ཉེར་དྲུག་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་བཏང་ནས། ཕྱོགས་གཉིས་ཀྱིས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཉིན་དེར་པུའུ་ལུའུ་སེར་ནས་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། ཝུའུ་ཁི་ལན་གྱི་གནས་བབ་ནི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་རེད། ཡོ་རོབ་གླིང་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་པ་ནི་མིག་སྔའི་ལས་འགན་གཙོ་བོ་རེད་ཟེར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་དུ་ལྟ་ཞིབ་པ་མངག་གཏོང་བྱེད་པར་ཨུ་རུ་སི་འཐད་པ་བྱུང་བ་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཧེ་ཡཱའི་ཉིང་རྡུལ་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་གྲོས་མོལ་བྱས་པའང་གྲུབ་འབྲས་བཟང་བོ་ཞིག་རེད། ཡིན་ན་ཡང་། གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱི་འགུལ་སྐྱོད་ལས་ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་སོང་ན་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ངེས་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁི་ལི་མུས་ཡཱའི་གནད་དོན་ཐད་ནས་མཐུན་སྒྲིལ་གཅིག་གྱུར་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག