མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་དུ་སེ་ར་རེ་ཨང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ར་རེ་ཨང་གི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་གིས་ཟླ་འདིའི་ཟླ་མཇུག་ལ་ལས་འགན་ཡོངས་འགྲུབ་བྱེད་པར་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། སེ་ར་རེ་ཨང་གིས་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་པའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱས་པ་དང་། མུ་མཐུད་དུ་རྒྱལ་ཁབ་དེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་བསྟན་དོན། ངེས་པར་དུ་རྩ་ཁྲིམས་ཀྱི་གྲོས་ཞིབ་འཕེལ་རིམ་དང་བཅས་པའི་སེ་ར་རེ་ཨང་གི་དུས་རིམ་རྗེས་མའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་བོའི་གྲོགས་པོ་དག་གིས་སེ་ར་རེ་ཨང་གི་རེ་འདོད་ལྟར་གོང་ནས་བཤད་པའི་ཕྱོགས་དེ་དག་ནས་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱིན་ཆད་ཀྱི་བྱ་བའི་གཙོ་གནད་ནི་ཞི་བདེར་རྨང་འདིང་བ་དང་། འདྲ་མཉམ་དར་རྒྱས་ལ་འགན་སྲུང་བྱས་ཏེ། སེ་ར་རེ་ཨང་གི་མི་ཚང་མར་བདེ་སྐྱིན་སྐྲུན་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཞི་བདེ་དང་ཡིད་རྟོན་རུང་བ། མངོན་གསལ་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བར་འགན་སྲུང་བྱེད་པ་དེ་སེ་ར་རེ་ཨང་གི་དུས་ཡུན་རིང་བོའི་བརྟན་འཇགས་གལ་འགངས་ཧ་ཅང་ཆེ་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ར་རེ་ཨང་གི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་འཛུགས་པའི་སྐོར་གྱི་མཇུག་མཐའི་སྙན་ཞུར་གྲོས་ཞིབ་བྱས། དྲུང་ཡིག་ཆེན་མོའི་ལག་བསྟར་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ར་རེ་ཨང་གི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་གི་འགན་ཁུར་བ་ཧྥོ་ལན་སིན་གྱིས་བྱ་བ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་ར་རེ་ཨང་གི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་འགུལ་སྐྱོད་དངོས་སུ་མཇུག་སྒྲིལ་ཏེ་རྒྱལ་ཁབ་དེ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ཆེས་མཇུག་མཐའི་གྲ་སྒྲིག་དུས་རིམ་ནང་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་ཁབ་བྱ་བའི་རུ་ཁག་ལ་ལས་འགན་བརྒྱུད་སྤྲོད་བྱེད་བཞིན་ཡོད།

སེ་ར་རེ་ཨང་གི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཁཱ་མཱ་ལཱ་ཡིས་ཚོགས་ཐོག་ནས་སེ་ར་རེ་ཨང་གི་ཙུང་ཐུང་ཁི་ལོ་མཱ་ཡི་གསལ་སྒྲོག་སྒྲོག་འདོན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག