མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀི་ལུའུ་ཅི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་མོལ་སྐོར་ཐེངས་ཉེར་བདུན་པ་མཇུག་སྒྲིལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀི་ལུའུ་ཅི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་མོལ་སྐོར་ཐེངས་ཉེར་བདུན་པ་ཚེས་ཉེར་དྲུག་ཉིན་རི་ནེ་ཝ་ནས་གྲོལ་བ་དང་། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་མུ་མཐུད་དུ་ཉིས་སྟོང་བརྒྱད་ལོར་ཨུ་རུ་སི་དང་ཀི་ལུའུ་ཅི་ཡཱའི་འཁྲུག་རྩོད་ལས་བྱུང་བའི་བདེ་འཇགས་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་གནད་དོན་ཁག་ཅིག་ཐག་གཅོད་བྱས།

གྲོས་ཚོགས་ཀྱི་མགོ་འཛིན་མཁན། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ཏི་ལཱ་ཕའེ་ནཱ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སྐོར་ཐེངས་འདིའི་གྲོས་མོལ་ནི་གྲུབ་འབྲས་ལྡན་ཞིང་བག་ཕེབས་པའི་སྣང་ཚུལ་ཁྲོད་སྤེལ་བ་ཡིན་ལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ངོ་བོ་རང་བཞིན་ལྡན་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཏི་ལཱ་ཕའེ་ནཱ་ཡིས་གྲོས་མོལ་ལ་མཉམ་དུ་མགོ་འཛིན་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཀྱི་སྤྱི་སྒྲོག་སྒྲོག་འདོན་བྱས། སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོས་དྲག་ཤུགས་བེད་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་གསལ་སྒྲོག་འཆར་ཟིན་ལ་ཡང་བསྐྱར་གྲོས་བསྡུར་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས་པར་མ་ཟད། སྐོར་ཐེངས་རྗེས་མའི་གྲོས་མོལ་ཁྲོད་མུ་མཐུད་དུ་འཕེལ་རིམ་དེར་ཞུགས་པར་འཐད་པ་བྱུང་ཡོད། ཞོར་དུ་མི་སྣའི་རང་དབང་གི་འགྲོ་འོང་དང་རིག་གནས་ཤུལ་བཞག་སོགས་མི་ཆོས་རིང་ལུགས་ལ་འབྲེལ་བའི་གནད་དོན་ཐད་ནས་གྲོས་བསྡུར་བྱས་པ་དང་། གར་སོང་མ་རྙེད་པའི་མི་སྣ་དང་བཀག་འཇུག་བྱས་པའི་མི་སྣ། ཁྱིམ་གཞིས་ཤོར་བའི་མི་སྣ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཐུའུ་ལུའུ་ཉིན་གྱིས་བཤད་རྒྱུར། སྐོར་ཐེངས་འདིའི་གྲོས་མོལ་ནི་སྣང་ཚུལ་བཟང་བོའི་ཁྲོད་སྤེལ་བ་དང་། གྲོས་ཚོགས་ལ་ཞུགས་མཁན་ཚོས་རྒྱལ་སྤྱིའི་གྲོས་མོལ་འཕེལ་རིམ་དེར་འབད་འབུངས་བྱེད་འདོད་ཡོད་པའི་རྣམ་འགྱུར་མངོན་པར་མཚོན་པ་དང་། མི་རྣམས་ཀྱི་ཉིན་རྒྱུན་འཚོ་བར་ཤུགས་རྐྱེན་ངེས་ཅན་ཐེབས་པའི་གནད་དོན་རེ་འགའ་ཐག་གཅོད་བྱས་ཟེར།

ཀི་ལུའུ་ཅི་ཡཱའི་ཕྱི་འབྲེལ་བློན་ཆེན་གཞོན་པ། ཀི་ལུའུ་ཅི་ཡཱའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཀྲ་ཨར་ཁཱ་ལེ་ཡཱ་ནེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཀི་ལུའུ་ཅི་ཡཱ་ཕྱོགས་ཀྱིས་དྲག་ཤུགས་མི་སྤྱོད་པའི་དམ་བཅའ་བསྐྱར་སྒྲོག་བྱས་པར་མ་ཟད། རྒྱལ་སྤྱིའི་བདེ་འཇགས་བཀོད་སྒྲིག་འཐེན་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་བར་འཐད་པ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག