མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་མྱུར་མོར་རྩོམ་འབྲི་དང་དེར་གྲོས་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་མྱུར་མོར་རྩོམ་འབྲི་དང་དེར་གྲོས་ཞིབ་བྱེད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་དམངས་གཙོ་ཏང་གི་སྒར་སས་རྒྱལ་ཚོགས་ཀྱིས་ཨོ་པཱ་མཱ་ཡི་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་འཆར་ཟིན་ལ་བརྡས་ཐག་གཅོད་དགོས་པའི་གྲོས་གཞི་བཏོན། ཨོ་པཱ་མཱ་ཡིས་ཕོ་བྲང་དཀར་པོ་ནས་གསལ་སྒྲོག་ཅིག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་དམངས་གཙོའི་ཏང་གི་གྲོས་མིས་སྡོད་དམངས་ཀྱི་བཅོས་བསྒྱུར་འཆར་ཟིན་ལ་ཡར་སྐུལ་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་ལས་གནས་སྤོར་སྡོད་དམངས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་ཐུབ་པར་མ་ཟད། སྔར་ལས་མང་བའི་ཁྱིམ་ཚང་ལྷན་འཛོམས་བྱེད་ཐུབ་ལ། ཨ་མེ་རི་ཁའི་དཔལ་འབྱོར་དང་བདེ་འཇགས། མ་འོངས་པ་བཅས་ལ་མཚོན་ནའང་ཡང་དག་པའི་གདམ་གསེས་ཤིག་རེད་ཟེར། བཅའ་ཁྲིམས་འཆར་ཟིན་དེ་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་། ནོར་སྲིད་ཀྱི་འགྲོ་སོང་ཇེ་ཉུང་དུ་གཏོང་བ། ཁེ་ལས་ཀྱི་ཁྲིམས་སྲུང་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། གྲོས་ཞུགས་ཁང་གི་སྤྱི་མཐུན་ཏང་དང་དམངས་གཙོ་ཏང་གི་གྲོས་མིས་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་ཐད་ནས་གྲོས་མཐུན་རགས་ཙམ་བཀོད་ཡོད་ཀྱང་། མིག་སྔའི་བར་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་གི་གྲོས་མིས་སྔར་བཞིན་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་དེར་གྲོས་ཞིབ་བྱེད་པར་ཁས་ལེན་བྱས་མེད་ཟེར།

གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་ནི་དུས་རྒྱུན་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཡིན་པར་མ་ཟད། ཨོ་པཱ་མཱ་ཡི་ཙུང་ཐུང་གི་འགན་ཡུན་གཉིས་པའི་སྐབས་ཆེས་མཐོང་ཆེན་བྱེད་པའི་བྱ་བའི་གཙོ་གནད་ཅིག་ཀྱང་རེད། ད་ལོའི་ཟླ་དང་པོའི་ཟླ་མཇུག་ལ། དམངས་གྲོས་ཁང་གི་ཏང་ཁག་བརྒལ་བའི་ཚན་ཆུང་དང་ཨོ་པཱ་མཱ་ཡིས་སྔ་གཞུག་ཏུ་གནས་སྤོར་སྡོད་དམངས་ཀྱི་བཅོས་བསྒྱུར་ལ་འབྲེལ་བའི་དམིགས་འབེན་ཁྱབ་སྒྲོག་བྱས་པ་དང་། དམངས་གྲོས་ཁང་གི་ཚན་ཆུང་གི་ཇུས་གཞི་ལ་ཀུན་གྱིས་ལྷག་ཏུ་དོ་སྣང་བྱས། ཁོ་ཚོའི་འཆར་གཞི་ལྟར་ན་ཟླ་གསུམ་པའི་ཟླ་མཇུག་ལ་གྲོས་མོལ་ཡོངས་འགྲུབ་བྱས་ཤིང་། ཟླ་བཞི་བར་གྲོས་གཞི་འདོན་རྒྱུ་རེད། དམངས་གྲོས་ཁང་གི་ཏང་ཁག་བརྒལ་བའི་ཚན་ཆུང་གིས་མིག་སྔར་གྲོས་གཞི་མཐུན་སྦྱོར་བྱེད་པའི་བྱ་བ་དམ་འཛིན་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག