མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་མ་བྱས་གོང་ཡང་བསྐྱར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། རང་ཉིད་ཀྱིས་ཚེས་བཅུ་བཞིའི་ཉིན་ལོན་ཏོན་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། དེང་སྐབས་ཀྱི་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། གསར་འགྱུར་ལས་རིགས་ཀྱིས་ཚོད་དཔག་བྱས་ན་དེ་ནི་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་མ་སྤེལ་གོང་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱེད་པའི་ཆེས་མཇུག་མཐའི་གོ་སྐབས་རེད་ཟེར།

ཁི་ལེ་ཉིན་དེར་རྒྱལ་ཚོགས་དམངས་གྲོས་ཁང་དངུལ་གཏོང་ཨུ་ཡོན་ལྷན་ཁང་གི་ཉན་ཞིབ་ཚོགས་འདུར་ཞུགས་སྐབས་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་མི་དམངས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ཨུ་རུ་སིའི་དཀྲུག་འཕེན་མེད་པའི་གནས་ཚུལ་འོག་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་བསྐྱར་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་བསྟན་དོན། ཁོས་ཙུང་ཐུང་ཨོ་པཱ་མཱ་ཡི་མཛུབ་སྟོན་ལྟར་ལོན་ཏོན་དུ་སོང་ནས་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁས་ཨུ་རུ་སིའི་ཝུའུ་ཁི་ལན་དང་ཁྱད་པར་དུ་ཁི་ལི་མུས་ཡཱའི་ཁེ་ཕན་ལ་བརྩི་འཇོག་བྱེད་ཀྱང་ཁི་ལི་མུས་ཡཱ་ལ་དམག་དོན་ཐེ་གཏོགས་བྱེད་པ་དེ་ཁྲིམས་མཐུན་ཅན་དུ་བསྒྱུར་ཐབས་མེད་ཟེར།

ཁི་ལེ་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཛ་དྲག་གི་གནས་བབ་དང་ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་གནད་དོན་ཞི་འཇགས་སུ་གཏོང་བའི་ཐབས་ལམ་ཞིག་གདམ་གསེས་བྱེད་པར་རྒྱུ་མཚན་མང་བོ་ཡོད་ཅིང་། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་གདམ་གསེས་ཡང་དག་བྱེད་མ་ཐུབ་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་རང་ཉིད་ཀྱིས་མི་བསྒྲུབ་ཐབས་མེད་ཡིན་པའི་ལས་དོན་ལག་ལེན་དུ་བསྟར་རྒྱུ་ཡིན་ཟེར་ཡང་། ཁོས་ཨ་མེ་རི་ཁས་མི་བསྒྲུབ་ཐབས་མེད་ཡིན་པའི་ལས་དོན་ལ་བཀག་སྡོམ་བྱེད་ཐབས་གང་དག་འདུས་པ་གསལ་བོར་རྒྱས་བཤད་མ་བྱས།

ཁོས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་འདིའི་གྲོས་མོལ་ཁྲོད་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གདམ་གསེས་ངེས་ཅན་མཁོ་འདོན་བྱེད་རྒྱུ་དང་། ཕྱོགས་གཉིས་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་ནས། ཝུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཁི་ལེ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཉེ་སྔོན་རྒྱུན་དུ་འབྲེལ་འདྲིས་བྱས་ཤིང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་རྩིས་བྱས། གཟའ་འཁོར་སྔོན་མར་ཁོ་གཉིས་ཀྱིས་ཐེངས་གཉིས་ལ་གྲོས་མོལ་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་ཐོབ།

ཨ་མེ་རི་ཁ་དང་བཅས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་གནོན་ཤུགས་སྟེར་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། འཇར་པན། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ་བཅས་རྒྱལ་ཁབ་ཀྱིས་ཚེས་བཅུ་གཉིས་ཉིན་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་མཇུག་འབྲས་ཁས་ལེན་མི་སྲིད་པ་ཁྱབ་སྒྲོག་བྱས་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱའི་གོ་གནས་བསྒྱུར་འདོད་པའི་བྱ་སྤྱོད་གང་རུང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱ་སྤྱོད་མཚམས་མ་བཞག་ན་ང་ཚོས་སྔར་ལས་ལྷག་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་ནན་བཤད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག