མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུ་ཀན་ཏཱའི་ནུབ་ཕྱོགས་ས་ཁུལ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི108རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས24ཡི་ཉིན་བཤད་རྒྱུར། ཝུ་ཀན་ཏཱའི་མཚོ་ཐོག་ཉེན་རྟོག་པས་ཉིན་དེར་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཨེ་པའོ་ཐི་མཚོ་ཁོངས་ནས་ཡང་བསྐྱར་བེམ་པོ་གྱ་གསུམ་རྙེད་པས། ཚེས22ཉིན་བྱུང་བའི་གྲུ་ནུབ་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི108ལ་བསླེབ་ཡོད་ཟེར།

ཝུའུ་ཀན་ཏཱའི་གནོད་འགོག་དང་གནོད་སེལ། ཡུལ་གྱར་བའི་ལས་དོན་བཅས་ཀྱི་འགན་ཁུར་བའི་དཔོན་པོ་གཙོ་བོ་ཏའེ་ཝེ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གར་སོང་མ་རྙེད་པའི་གྲུ་གཟིངས་སྟེང་གི་འགྲུལ་བ་མང་ཤོས་ནི་ཁོང་གོ་ཅིན་དུ་འགྲོ་རྩིས་ཡོད་པའི་ཡུལ་གྱར་བ་ཡིན་པ་དང་། འགྲུལ་བ་ཞེ་ལྔ་སྲོག་ཉེན་ལས་བསྐྱབས་ཀྱང་། སྐབས་ཐོག་དེར་གྲུ་གཟིངས་ཐོག་འགྲུལ་བ་ག་ཚོད་ཡོད་པ་གསལ་བོར་མི་ཤེས། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་སྲོག་ཉེན་ལས་ཐར་བའི་མི་རྙེད་པར་རེ་བ་ཆེན་པོ་མེད་ཟེར།

ཁོས་བཤད་རྒྱུར། ཤི་བོའི་བེམ་པོ་དག་ཁོང་གོ་ཅིན་གྱི་འབྲེལ་ཡོད་མི་སྣར་སྤྲོད་བཞིན་ཡོད་པ་དང་། ཁོ་ཚོས་ཤི་བོའི་ཐོབ་ཐང་ངོས་འཛིན་བྱས་ཏེ་དུར་འཇུག་བྱེད་རྩིས་ཡོད་ཟེར།

ཨེ་པའོ་ཐི་མཚོ་ནི་ཨ་ཧྥེ་རི་ཁའི་དབུས་ཕྱོགས་སུ་གནས་ཤིང་ཨ་ཧྥེ་རི་ཁ་གླིང་གི་མཚོ་ཆེན་བདུན་གྱི་ཡ་གྱལ་ཡིན་པ་དང་། ཝུའུ་ཀན་ཏཱ་དང་ཁོང་གོ་ཅིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བརྒལ་བའི་མཚོ་ཞིག་ཀྱང་མིན་ལ། དེར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།

ཐེག་ཚད་ལ་བརྒལ་བ་དང་སྐྱེལ་འདྲེན་ཡོ་བྱད་ལ་དུས་ཡུན་རིང་བོར་ཞིག་གསོ་མ་བྱས་པ། བདེ་འཇགས་ཀྱི་རེ་བ་ལག་བསྟར་ནན་མོ་མ་བྱས་པ་སོགས་རྒྱུ་རྐྱེན་གྱི་དབང་གིས་ཝུ་ཀན་ཏཱའི་ཝེ་ཏའོ་ལེ་ཡཱ་མཚོ་དང་ཨེ་པའོ་ཐི་མཚོ་སོགས་སུ་གྲུ་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད་ལ། མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོ་བཞིན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག