མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སི་གྲོགས་མེད་ཁེར་རྐྱང་དུ་ཕུད་པར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས24ཉིན་ཧི་ལན་ནས་འཛམ་གླིང་ཉིང་རྡུལ་ནུས་པའི་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས། ཁི་ལི་མུས་ཡཱའི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་གྲོགས་མེད་ཁེར་རྐྱང་དུ་ཕུད་པར་གྲོས་བསྡུར་བྱས། ཡོ་རོབ་གླིང་གི་ཕྱི་འབྲེལ་དཔོན་པོ་རེ་འགས་ཨུ་རུ་སི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ལས་ཕྱིར་ཕུད་དགོས་ཟེར།

ཉིན་དེར་ཨུ་རུ་སིའི་དམག་དཔུང་ཁི་ལི་མུས་ཡཱའི་ཝུའུ་ཁི་ལན་གྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་རྟེན་གཞི་ཞིག་ཏུ་སོང་ནས་ཝུའུ་ཁི་ལན་གྱི་རྒྱལ་དར་མར་ཕབ་སྟེ་རྟེན་གཞི་དེ་བདག་བཟུང་བྱས་པ་རེད།

ཐེངས་འདིའི་བྲེལ་མྱུར་གྲོས་ཚོགས་དེ་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་གྲོས་འདོན་བྱས་པ་ལྟར་བསྡུས་པ་ཡིན་ཞིང་། དམིགས་ཡུལ་ནི་ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་ལ་གནོན་ཤུགས་སྟེར་བར་གྲོས་བསྡུར་བྱེད་པའི་ཆེད་དུ་རེད།

ཧི་ལན་རྒྱལ་ཁབ་དེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་མི་མིན་ཡང་། ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱེད་པར་འཐད་པ་བྱུང་། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ཡིས་རང་ཉིད་ཀྱི་བཞུགས་ཤག་གྲོས་ཚོགས་བསྡུ་སར་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་ཨ་མེ་རི་ཁ་དང་། དབྱིན་ཇི། ཧྥ་རན་སི། འཇར་མན། ཁཱ་ནཱ་ཏཱ། དབྱི་ཐཱ་ལེ། འཇར་པན་བཅས་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ལོས་ཐི་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བསམ་བློ་ཡག་པོ་གཏོང་དགོས། རྒྱུ་མཚན་ནི་ཨུ་རུ་སིའི་དཔལ་འབྱོར་གཙོ་བོ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཡིན་ལ་དཔལ་འབྱོར་དེ་འདྲའི་སྣ་མང་ཅན་ཞིག་མིན་པ་དང་། གལ་ཏེ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ན་ཨུ་རུ་སི་ལ་གནོད་པ་ཆེན་པོ་ཐེབས་སྲིད། དེ་བས་ངས་བལྟས་ན་གནས་ཚུལ་དེ་འདྲ་འབྱུང་བར་གང་ནུས་ཀྱིས་སྔོན་འགོག་བྱེད་དགོས་ཟེར།

ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐིའི་རྣམ་འགྱུར་དང་མི་འདྲ་བ་ནི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་ཡིན་པ་དང་། ཁོས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ལས་དུས་གཏན་དུ་ཕྱིར་ཕུད་མིན་ལ་གྲོས་བསྡུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག