མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་ཙུང་ལི་ཡིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་ལྷུང་བ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:35

马来西亚总理宣布马航失联客机落入南印度洋.jpg

ཟླ3པའི་ཚེས24ཉིན། མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཉིན་དེར་ཅི་ལུང་ཕའོ་ནས་ཁྱབ་བསྒྲགས་བྱས་དོན། བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་ལྷུང་བ་རེད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཚེས24ཉིན་གྱི་དགོང་མོར་ཅི་ལུང་ཕའོ་ནས་ཁྱབ་བསྒྲགས་བྱས་དོན། དབྱིན་ཇིའི་མཁའ་འགྲུལ་དོན་རྐྱེན་རྟོག་ཞིབ་ཁྲུའུ་ཡིས་བསྒྲགས་པ་ལྟར་ན། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངས་གསུམ་བདུན་ཐིག་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་ལྷུང་ཡོད་ཟེར།

ནཱ་ཅི་པུའུ་ཡིས་ཉིན་དེའི་དགོང་མོའི་དུས་ཚོད་བཅུའི་སྟེང་གནས་སྐབས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་ལ་དགོང་མོ་དེར་དབྱིན་ཇིའི་མཁའ་འགྲུལ་དོན་རྐྱེན་རྟོག་ཞིབ་ཁྲུའུ་ཡི་སྙན་ཞུ་འབྱོར་བ་དང་། སྙན་ཞུ་དེ་ལས་རྒྱལ་སྤྱིའི་མཚོ་དོན་འཁོར་སྐར་རྩ་འཛུགས་ཀྱིས་སྔོག་བཤེར་བྱས་པའི་འཁོར་སྐར་རྒྱུ་ཆར་སྔར་ལས་ལྷག་པར་ཞིབ་དཔྱད་བྱས་པ་དང་། སྔོན་ཆད་རྟོག་ཞིབ་དེ་རིགས་ཁྲོད་བཀོལ་མ་མྱོང་བའི་དབྱེ་ཞིབ་བྱེད་ཐབས་ཤིག་སྤྱད་དེ། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེའི་འཕུར་ལམ་གསལ་བོར་ཤེས་ཡོད་ཟེར།

ནཱ་ཅི་པུའུ་ཡིས་བཤད་རྒྱུར། ཁོ་ཚོའི་དབྱེ་ཞིབ་གསར་བ་ལྟར་ན། རྒྱལ་སྤྱིའི་མཚོ་དོན་འཁོར་སྐར་རྩ་འཛུགས་དང་མཁའ་འགྲུལ་དོན་རྐྱེན་རྟོག་ཞིབ་ཁྲུའུ་ཡིས་བཤད་པ་ལྟར་ན། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ལྷོ་ཕྱོགས་མཚོ་ཁོངས་སུ་འཕུར་བ་དང་ཆེས་མཇུག་མཐའི་གནས་ཡུལ་ནི་ཧིན་རྡུ་རྒྱ་མཚོའི་དཀྱིལ་དབུས་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱའི་པའོ་སི་གྲོང་ཁྱེར་གྱི་ནུབ་ངོས་མཚོ་ཁོངས་ཡིན་ཟེར།

ནཱ་ཅི་པུའུ་ཡིས་བཤད་རྒྱུར། གནས་དེ་ནི་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་པ་དང་འབབ་སའི་གནས་ཡུལ་གང་ཡང་ཡོད་མི་སྲིད་པས། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་ལྷུང་བ་ཁྱབ་སྒྲོག་མི་བྱེད་ཐབས་མེད་རེད་ཟེར།

ཁོས་བཤད་རྒྱུར། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་གནས་ཚུལ་སྔར་ལས་ཞིབ་རྒྱས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག