མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཁྲའོ་ཞན་གྱི་འཐུས་མི་གཞོན་པས་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་མེད་པར་བཟོ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཁྲའོ་ཞན་གྱི་འཐུས་མི་གཞོན་པ་ལིས་ཏུང་རི་ཡིས་ཚེས24ཉིན་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་དང་དགོས་ངེས་ཀྱི་བྱེད་ཐབས་ཚང་མ་མེད་པར་བཟོ་དགོས་པའི་རེ་བ་བཏོན།

ལིས་ཏུང་རི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཁོས་བཤད་རྒྱུར། ད་ལོར། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་སྣང་ཚུལ་བཟང་བོ་བྱུང་བ་དང་། ཁྲའོ་ཞན་གྱིས་ད་ལོའི་ཟླ་དང་པོར་ཧན་གོར་གྲོས་གཞི་གལ་ཆེན་བཏོན་ཏེ། ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱིས་ཟླ་གཉིས་པར་སྔ་གཞུག་ཏུ་མཐོ་རིམ་གྲོས་མོལ་ཐེངས་གཉིས་དང་ཁྲའོ་ཞན་དང་ཧན་གོའི་ཁ་ཐོར་དུ་སོང་བའི་ཁྱིམ་མིའི་ལྷན་འཛོམས་བྱ་འགུལ་ཐེངས་བཅུ་དགུ་བ་སྤེལ། གནས་ཚུལ་འདི་འདྲའི་འོག ཨ་མེ་རི་ཁས་མུ་མཐུད་དུ་དཀྲུག་འཕེན་བྱ་འགུལ་སྤེལ་ཏེ་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།

ལིས་ཏུང་རི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་བསམ་བཞིན་དུ་དཀྲུག་འཕེན་རང་བཞིན་གྱི་ཁྲའོ་ཞན་ལ་རྒོལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཏེ། ཁྲའོ་ཞན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་དམིགས་པའི་བྱེད་ཐབས་ལག་བསྟར་བྱེད་པར་ཡང་བསྐྱར་གཏོར་བརླག་བྱས་ཤིང་། དམག་དོན་སྦྱོང་བརྡར་ལ་ཁ་གཡར་ནས་ཁྲའོ་ཞན་ཕྱེད་གླིང་དུ་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་སོགས་སྐྱེལ་འདྲེན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དང་ཐ་ན་ས་ཁུལ་ཡོངས་ཀྱི་བདེ་འཇགས་དང་ཞི་བདེ་ལ་འཇིགས་ཉེན་ཆེན་པོ་བཟོས་ཡོད་ལ། ཞོར་དུ་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་དོན་དངོས་དང་མི་མཐུན་པའི་གནས་ཚུལ་རྫུན་བཟོ་བྱས་ཡོད་ཟེར།

ལིས་ཏུང་རི་ཡིས་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་གསལ་སྒྲོག་ལས་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་དང་དགོས་ངེས་ཀྱི་བྱེད་ཐབས་ཚང་མ་མེད་པར་བཟོ་དགོས་པའི་རེ་བ་བཏོན་ཡོད་པ་བསྐྱར་སྒྲོག་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ངེས་པར་དུ་གང་མགྱོགས་ཀྱིས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་བསྐྱུར་ཏེ། ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་ལ་རྒོལ་མཚམས་འཇོག་དགོས་ཟེར། ཁོས་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་ཉིང་རྡུལ་འཇིགས་སྐུལ་བྱས་ན་ཁྲའོ་ཞན་གྱིས་མུ་མཐུད་དུ་སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ་རང་སྲུང་རང་བཞིན་གྱི་བྱེད་ཐབས་སྤྱོད་སྲིད་ཟེར།

གསར་འགོད་པས་ཁྲའོ་ཞན་གྱིས་ཉེ་སྔོན་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་གནད་དོན་འདྲི་སྐབས་ལིས་ཏུང་རི་ཡིས་བཤད་རྒྱུར། མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་ནི་ཁྲའོ་ཞན་གྱི་འཐབ་ཇུས་དམག་དཔུང་གི་རྒྱུན་ལྡན་གྱི་སྦྱོང་བརྡར་ཅིག་ཡིན་པ་དང་། མེ་ཤུགས་འཕུར་མདའ་སྔོན་ནས་གཏན་འཁེལ་བྱས་པའི་ཁ་ཕྱོགས་ལྟར་གཏོང་འཕེན་བྱས་པ་དང་ཡོ་གཟར་ཅི་ཡང་མེད་པར་དམིགས་འབེན་དུ་བསླེབ་ཡོད་པས། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། ཐ་ན་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་ཐད་གནོད་པ་གང་ཡང་ཐེབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག