མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོའོ་ཀེན་ཏ་ཐུང་ཚོགས་པའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་གྱིས་ཡོ་རོབ་དང་ཨ་རིའི་དཔལ་འབྱོར་སླར་གསོ་བྱུང་བ་དེས་སའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད་ཅེས་བརྗོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-24 16:37

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།མོའོ་ཀེན་ཏ་ཐུང་ཚོགས་པའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་པུའུ་ལུའུ་སི་·ཁ་སི་མན་གྱིས་ཉེ་ཆར་ཨ་རི་དང་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱུང་བ་དེས་འདི་ལོ་སའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    ཁ་སི་མན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རི་དང་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཀྱི་སྒེར་གཉེར་སྡེ་ཚན་མུ་མཐུད་སླར་གསོ་བྱུང་བ་མ་ཟད།སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལེགས་སུ་ཕྱིན་པ་དེས་སའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཚད་གཞི་ཆེན་པོ་ཞིག་གི་ཐོག་ནས་འདེགས་སྐྱོར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    “ང་ཚོས་སྔོན་དཔག་བྱས་པ་ལྟར་ན་འདི་ལོ་ཨ་རིའི་དཔལ་འབྱོར་འཕར་ཚད་3%ཙམ་ཟིན་གྲབས་ཡོད་པ་དང་ཡོ་རོབ་ནུབ་མའི་དཔལ་འབྱོར་འཕར་ཚད་1.5%ལས་མཐོ་ཙམ་ཡོང་སྲིད”ཅེས་ཁ་སི་མན་གྱིས་བརྗོད་པ་རེད།

    ཕན་ཚུན་བསྡུར་ཚེ་གསར་དར་ཁྲོམ་ར་འཕར་ཚད་འགོར་དུ་སོང་ཡོད་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཕན་པའི་ཕྱིའི་དགོས་མཁོ་ཆེ་རུ་འགྲོ་བ་དེས་ཇེ་སྡུག་ཏུ་མངོན་གསལ་དོད་པོ་འགྲོ་མི་སྲིད།

    ཁ་སི་མན་གྱིས་པར་ཙིར་དང་།ཐུར་ཁེ།ཨུ་རུ་སུ།རྒྱ་གར།ཨ་ཧྥེ་རི་ཁ་ལྷོ་མ་སོགས་གསར་དར་ཁྲོམ་རར་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཆེ་བ་དང་རྟག་ཏུ་རྩིས་ཁྲར་གཏོང་ཉུང་འདྲེན་མང་གི་ཧེ་བག་སོགས་ཀྱི་ཤུགས་རྐྱེན་ཐོན་པ་དེས་དམ་དུ་གཏོང་བའི་སྲིད་ཇུས་མི་སྤྱོད་ཐབས་མེད་ཡིན་ལ་དཔལ་འབྱོར་འཕར་རྒྱུར་ཡང་ཚོད་འཛིན་ཕོག་སྲིད།འོན་ཀྱང་མོ་ཞི་ཁོ་དང་ཕོ་ལན་སོགས་རྒྱལ་ཁབ་གཞན་ཁག་གཅིག་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་རུ་འགྲོ་རིང་ཕན་པ་ཐོབ་སྲིད་པའི་ངོས་འཛིན་བྱས་པ་རེད།

    “ཀྲུང་གོའི་གནས་ཚུལ་འདི་ཅུང་དམིགས་བསལ་ཡིན”ཞེས་ཁོང་གིས་ཁ་གསབ་བྱས་ནས་བཤད་པ་དང་ཁོང་གིས་ཀྲུང་གོར་མིག་སྔར་སའི་གོ་ལའི་མ་རྩ་ཤོར་བའམ་ཡང་ན་སྤྱི་ཁོག་དཔལ་འབྱོར་དོ་སྙོམས་མེད་པའི་གནོན་ཤུགས་འཕྲད་མེད་ཀྱང་ལེགས་སྒྲིག་ཆེན་པོ་བྱས་ནས་འདས་པའི་དུས་ཡུན་རིང་པོ་ཞིག་ནང་ཡིད་རྟོན་དངུལ་བུན་མྱུར་དུ་མང་དུ་སོང་བ་ལས་སྒྲོལ་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོ་ནི་སའི་གོ་ལའི་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན”ཞེས་ཁ་སི་མན་གྱིས་བརྗོད་པ་དང་ཁོང་གིས“སྲིད་གཞུང་གིས་འཕར་འགོར་བའི་རྣམ་པ་བསལ་ནས་དཔལ་འབྱོར་འཕར་ཚད་7%ནང་ཚུན་དུ་བརྟན་པོ་ཡོང་རྒྱུར་ང་ཚོར་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག