མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ན་མ་མིས་བཟོས་གཙང་པོའི་ཐོག་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཚོར་ཐུབ་པ།

རྩོམ་པ་པོ། ཏིང་ཀང་དང་ཡན་ཧོན་གྱིས།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-24 16:37

     ཕ་ན་མ་མིས་བཟོས་གཙང་པོ་དོ་དམ་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན།2012ལོའི་ནོར་སྲིད་ལོ་འཁོར་གྱི་ཀྲུང་གོ་ནས་དངོས་ཟོག་ཕྱིར་གཏོང་ངམ་ཡང་ན་སྐྱེལ་འདྲེན་བྱེད་ཚད་ཀྱིས་མིས་བཟོས་གཙང་པོའི་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི་27.8%ཟིན་ཡོད།ཀྲུང་གོ་ནས་ཨ་རིའི་ཤར་རྒྱུད་ཀྱི་མཚོ་ལམ་ནི་ཕ་ན་མའི་མིས་བཟོས་གཙང་པོའི་གྲུ་གཟིངས་བརྒྱུད་དགོས་པའི་མཚོ་ལམ་གཙོ་བོའི་གྲས་ཤིག་ཡིན་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱིས་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི་22.3%བཟུང་ཡོད།ཨ་རི་འདི་ཉིད“ཀྲུང་གོས”མིས་བཟོས་གཙང་པོའི་ཐོག་སྐྱེལ་འདྲེན་ཡང་ཡང་བྱས་པའི་ཕན་པ་ཐོབ་མཁན་གཙོ་བོར་གྱུར་ཡོད།མིག་སྔར་ཀྲུང་གོ་ནི་ཨ་རི་ཕུད་པའི་ཕ་ན་མའི་མིས་བཟོས་གཙང་པོ་སྤྱོད་མཁན་ཆེ་ཤོས་གཉིས་པ་ཡིན་ལ་དངོས་ཟོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་གཉིས་པ་དང་དངོས་ཟོག་འདྲེན་ཡུལ་རྒྱལ་ཁབ་ཆེ་ཤོས་གཉིས་པ་དེ་ཡང་ཡིན།ཤང་ཀང་རྗེས་ཀྱི་འཛམ་གླིང་གི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་གཉིས་པ་ཡིན་པའི་ཁོའོ་ལུང་གྲུ་ཁ་དེ་ཉིད་ཀྲུང་གོ་དང་ལ་ཏིང་མེ་གླིང་སྦྲེལ་མཐུད་ཀྱི་ཚོང་དོན་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།95%ཡན་གྱི་ཀྲུང་གོའི་དངོས་ཟོག་དེ་ག་ནས་མཐའ་འཁོར་རྒྱལ་ཁབ་ཁག་ཏུ་སྐྱེལ་འདྲེན་བྱེད་ཀྱི་ཡོད།

    ཀྲུང་ཡོན་དང་།ཀྲུང་གོའི་མཚོ་ཐོག་སྐྱེལ་འདྲེན།ཧྭ་ཝུའེ།ཀྲུང་ཤིན།ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སི།ཀྲུང་གོ་དངུལ་ཁང།གསུམ་གཅིག་ལྕི་བའི་བཟོ་ལས་སོགས་ཀྲུང་གོའི་མ་འཇོག་ཁེ་ལས་བཅུ་གྲངས་གཅིག་རྗེས་གཉིས་མཐུད་ཐོན་ཡོད།ཕ་ན་མར་སྐྱོད་སྔ་ཤོས་ཀྱི་ཀྲུང་གོ་དངུལ་ཁང་གིས་ས་ཆ་དེ་གའི་དངུལ་རྩའི་ལས་རིགས་ཀྱི་ལེགས་ཆ་སྤྱད་དེ་ལས་སྒོ་མཐའ་འཁོར་གྱི་རྒྱལ་ཁབ་མང་པོར་རྒྱ་ཆེར་བཏང་ཡོད།ཧྭ་ཝུའེ་ཀུང་སི་དང་ཕ་ན་མ་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་རོགས་ཟླ་བཙུགས་ཏེ་ས་ཆ་དེ་གའི་དྲ་ཆེན་འཛུགས་སྐྲུན་ནང་ཞུགས་པ་རེད།སྔོན་དཔག་བྱས་ན་འདི་ལོ་སྐྲུན་ཐུབ་རྒྱུའི་ཕ་ན་མའི་རླུང་ཤུགས་གློག་ཁང་དང་པོ་དེར་ཀྲུང་གོ་ཅིན་རླུང་ཚན་རྩལ་ཀུང་སིས་ཐོན་སྐྱེད་བྱས་པའི་ཀྲོའུ་ཝ་2.5ཡོད་པའི་རླུང་ཤུགས་གློག་འདོན་འཕྲུལ་ཙུའུ་22སྤྱོད་རྒྱུ་ཡིན་པ་རེད།

    ཀྲུང་གོ་དང་ཕ་ན་མའི་ཚོང་དོན་འགྲོ་འོང་མང་དུ་འགྲོ་བ་དང་བསྟུན་ནས་དེ་གར་ཡོང་མཁན་ཀྲུང་གོ་བའང་ཇེ་མང་དུ་འགྲོ་བཞིན་ཡོད།རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད་ཀྱང་ཕ་ན་མར་བཅའ་སྡོད་ཀྲུང་གོའི་ཚོང་དོན་འཕེལ་རྒྱས་དོན་གཅོད་ཁྲུའུ་ཡིས་ཕ་ན་མ་སྲིད་གཞུང་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་2012ལོའི་ཟླ་5པར་ཕ་ན་མའི་དབང་འཛིན་ལས་ཁུངས་ཕྱོགས་རྐྱང་པས་ཀྲུང་གོའི་ཕྱི་འབྲེལ་དང་།གཞུང་དོན།སྤྱིར་བཏང་གི་གཞུང་དོན་བཅས་ཀྱི་ལག་ཁྱེར་ཡོད་མཁན་ལ་ཞིབ་བཤེར་མི་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་རེད།

    འཛམ་གླིང་ཚོང་དོན་སྤྱི་འབོར་གྱི་80%ཡན་ནི་མཚོ་ཐོག་སྐྱེལ་འདྲེན་ལ་བརྟེན་དགོས་ཀྱི་ཡོད།ཕ་ན་མའི་མིས་བཟོས་གཙང་པོའི་ཐོག་སྐྱེལ་འདྲེན་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་མཚོ་ཐོག་ཚོང་དོན་སྐྱེལ་འདྲེན་བྱེད་ཚད་ཀྱི་5%ཙམ་ཟིན་གྱི་ཡོད་ཀྱང་ཞི་བདེ་རྒྱ་མཚོ་ཆེ་མོ་དང་ནུབ་རྒྱ་མཚོ་ཆེ་མོའི“འབྲེལ་ཟམ”ཡིན་པའི་དེའི་དམིགས་བསལ་གནས་བབ་དེ་འཛམ་གླིང་གི་དཔལ་འབྱོར་ཚོར་སྐྱེན་ཆེ་ཤོས“ཆར་བརྟག་ཡོ་བྱད”ལྟ་བུར་འཛིན་གྱི་ཡོད་པ་རེད།

    ཕ་ན་མའི་ཙུང་ཐུང་ཟུར་པ་ཐུའོ་ལི་ཧོ་སིས་ཀྲུང་གོའི་དཔལ་འབྱོར་དང་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་འཕར་འགྲོ་བ་ཀུན་གྱིས་མཐོང་གསལ་རེད།ཀྲུང་གོ་དང་ཨ་རིའི་ཤར་རྒྱུད་དང་།ལ་ཏིང་མེ་གླིང་སོགས་ས་ཁུལ་གྱི་ཚོང་དོན་སྐྱེལ་འདྲེན་བྱེད་ཚད་ལོ་ལྟར་20%ལས་བརྒལ་བའི་མྱུར་ཚད་ཐོག་ནས་འཕེལ་རྒྱས་འགྲོ་གི་ཡོད།“ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གྱིས་ང་ཚོས་མིས་བཟོས་གཙང་པོ་རྒྱ་ཆེར་གཏོང་བའི་ཐད་མ་འཇོག་འབོར་ཆེན་བྱས་པའི་ཉེན་ཁའི་སེམས་ཁྲལ་བསལ་ཡོད”ཅེས་ཤོད་མྱོང་ཡོད།

    (འདི་ག་ཚགས་པར་ཁང་དུ་ཕ་ན་མ་གྲོང་ཁྱེར་ནས་འབྱོར་བའི་གློག་འཕྲིན)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག