མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཤིས་ལ་ཁེ་ནི་ཀྲུང་གོའི་རིག་གནས་ལ་ཤིན་ཏུ་དགའ།

རྩོམ་པ་པོ། སུན་ཧའེ་ཁྲའོ་ཡིས།  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-24 16:37

    ལོ་50ཡི་གོང་དུ་རླབས་ཆེན་མི་སྣ་གསུམ་གྱིས་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་ཞིག་འདིང་ཆེད་1964ལོའི་ཟླ་1ཚེས་27ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨན་ལའེ་དང་དམག་དཔོན་ཏའེ་ཀའོ་ལི་བཅས་ཀྱིས་འཐབ་ཇུས་མཁས་ཅན་གྱི་ཐུན་མོང་མ་ཡིན་པའི་གཟིགས་རྒྱང་གི་ཐོག་ནས་རྒྱལ་སྤྱིའི་དུས་བབ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བའི་འཕེལ་ཕྱོགས་གསལ་རྟོགས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གནང་ཡོད།

    རྗེས་སུ་ཙུང་ཐུང་གི་འགན་བཞེས་མཁན་ཤིས་ལ་ཁེས“ཏའེ་ཀའོ་ལི་རིང་ལུགས་གསར་པའི”འཐབ་ཇུས་ཀྱི་དགོངས་པ་བཏོན་ནས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་འཐབ་ཇུས་ཀྱི་བསམ་བློ་གཏོང་གཞི་རྒྱ་ཆེར་གཏོང་བའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་ཏེ་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཤིས་ལ་ཁེ་ནི་སྐད་གྲགས་ཆེ་བའི་ཆབ་སྲིད་མཁས་ཅན་དང་ཕྱི་འབྲེལ་མཁས་ཅན་ཞིག་ཡིན་པ་དང་སྦྲགས་ཁོང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་རིག་གནས་ལ་ཐུན་མོང་མ་ཡིན་པའི་བརྩེ་དུང་བཅངས་པ་མ་ཟད།དེའི་ཐད་མཁྱེན་རྒྱ་ཆེན་པོ་ཡོད་པ་དེ་ནི་ཀུན་གྱིས་ཤེས་གསལ་ཡིན།སྟབས་ལེགས་པ་ཞིག་ལ་སྨྱུག་ཐོགས་པར་དེའི་ཐད་མིག་མཐོང་ལག་འཛིན་ཐེངས་མང་བྱུང་བ་དེ་དག་ད་ལྟའང་མིག་ལམ་དུ་ལྷམ་མེར་འཆར་གྱི་འདུག

    ཤིས་ལ་ཁེ་ཆུང་བྱིས་པའི་དུས་སུ་ཅི་སྨི་ཨེ་ཤེ་ཡའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཁང་ལ་རྟག་ཏུ་ཕེབས་ཀྱི་ཡོད།སྐབས་དེ་དུས་ཀྲུང་གོའི་སྒྱུ་རྩལ་ཐོན་རྫས་དང་ལྷག་པར་དུ་ཀྲུང་གོའི་གནའ་རབས་ལི་ཆས་ཀྱིས་ཁོང་གི་ཡིད་དབང་རྦད་དེ་བཀུག་ཡོད།དུས་དེ་ནས་བཟུང་ཀྲུང་གོའི་གནའ་རབས་ལི་ཆས་ནི་ཁོང་གི་ཚེ་གང་གི་དགའ་ཞེན་བྱ་ཡུལ་ཞིག་ཏུ་གྱུར་ཞིང་།དེར་དབྱིངས་ཞུགས་པའི་ཚད་ལ་སླེབས་ཡོད།

    1997ལོར་ཤིས་ལ་ཁེས་ཀྲུང་གོར་འཚམས་འདྲི་གནང་སྐབས་ཧྲང་ཧའེ་དངོས་མང་སྟོན་ཚོགས་ཁང་ལ་གཟིགས་སྐོར་གནང་ཞིང་།སྐབས་དེ་དུས་དངོས་མང་སྟོན་ཚོགས་ཁང་གི་ཀོན་ཀྲང་གི་འགན་བཞེས་མཁན་མ་ཁྲེང་ཡོན་གྱིས་རང་ཉིད་ཀྱི་ཆེད་རྩོམ《ཀྲུང་གོའི་ལི་ཆས་སྐོར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པའི་ནང་གི་དེབ་དང་པོ་ནས་བཅུ་བཞི་པའི་བར་ཤིས་ལ་ཁེ་ལ་ཕུལ་བ་དང་།དུས་དེ་ནས་བཟུང་ཤིས་ལ་ཁེ་དང་མ་ཁྲེང་ཡོན་དབར་མཛའ་གྲོགས་ཟབ་མོ་ཆགས་པ་མ་ཟད།དུས་ངེས་གཏན་ནང་འབྲེལ་བ་བྱས་ནས་ལི་ཆས་ཞིབ་འཇུག་ཐད་ཀྱི་བསམ་ཚུལ་སྤེལ་རེས་གནང་གི་ཡོད།

    2002ལོའི་ཟླ་7པར་ཤིས་ལ་ཁེ་བྱང་ཆིངས་ཀྱི་དབུ་གཙོའི་ཚོགས་འདུར་ཞུགས་ནས་ཚོགས་འདུའི་གཏམ་བཤད་ཀྱི་ནང་དོན་ཕལ་ཆེར་དེ་ཙམ་ཆོ་མེད་པའི་དབང་གིས་ཁོང་གིས་གཞུང་ཡིག་ཁུག་མའི་ནང་ནས་དེབ་ཅིག་བཏོན་ནས་ཀློག་ཅིང་།གྲོས་ཚོགས་ཁང་གི་ཐོག་ཁར་ཡོད་པའི་གསར་འགོད་པའི་སྡོད་ཁང་ནང་ནས་ཧྥ་རན་སེའི་གསར་འགོད་པ་ཞིག་གིས་ཙུང་ཐུང་གིས“རྣམ་གཡེང”བྱེད་པའི་སྣང་ཚུལ་དེ་ཤེས་རྟོགས་བྱུང་ནས་དེ་པར་བརྒྱབ་སྟེ་ཧྥ་རན་སེའི་ཚགས་པར་ཐོག་བཀོད་ནས“ཙུང་ཐུང་གིས་བྲེལ་ཆེའི་དུས་སུ་བར་གསེང་བཙལ་ཏེ་ཀྲུང་གོའི་ལི་ཆས་ལ་ཞིབ་འཇུག་བྱེད་ཀྱི་ཡོད”ཅེས་བཀོད་ཡོད།

    ཆིང་རྒྱལ་རབས་ཀྱི་དུར་རྫས་རྫ་བཟོས་གྱད་རྟ་དེ་འཛམ་གླིང་གི་ཤེས་དཔལ་གནའ་ཤུལ་རྩེར་སོན་གྱི་གྲས་སུ་སླེབས་པ་བྱ་ཆེད་ཤིས་ལ་ཁེས་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད་ལ་དེ་ནི་སྐབས་ཤིག་རིང་གི་གཏམ་བཟང་ཞིག་ཏུ་གྱུར་ཡོད།

    1978ལོའི་ཟླ་9ཚེས་23ཉིན་ཤིས་ལ་ཁེས་ཧྥ་རན་སེའི་ཙུང་ཐུང་ཟུར་པ་དང་ཕ་རི་སི་གྲོང་ཁྱེར་གྱི་དྲུང་ཆེའི་མཚན་ཐོག་ནས་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲི་གནང་ནས་ཤིས་ཨན་གྱི་ཆིང་རྒྱལ་རབས་དུས་ཀྱི་དུར་རྫས་རྫ་བཟོས་གྱད་རྟར་གཟིགས་སྐོར་ཐེངས་དང་པོ་གནང་ཞིང་།ཁོང་ལ་གཡོ་འགུལ་ཟབ་མོ་ཐེབས་ཏེ་དེ་ནི་ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་།ཡ་ལེ་ཧྲན་ཏའི་སྒྲོན་སྟེགས་གནའ་བོའི་པ་པེ་ལོན་གྱི་མཁའ་དབྱིངས་མེ་ཏོག་ལྡུམ་ར།གནའ་བོའི་ཀེ་རི་སེའི་ཀྲུའུ་སིའི་སྐུ་བརྙན།ལོ་ཏི་གླིང་ཕྲན་གྱི་གྱད་མིའི་སྐུ་བརྙན།ཐུར་ཁེའི་མོ་སུའོ་ལ་སིའི་བང་སོ།ཐུར་ཁེའི་ཨའར་ཐུའུ་མི་སི་ལྷ་ཁང་བཅས་རྗེས་ཀྱི“འཛམ་གླིང་གི་ངོ་མཚར་ཆེན་པོ་ཨང་བརྒྱད་པ”དེ་རེད་ཅེས་གསུངས་ཡོད།

    2000ལོའི་ཟླ་10པར་ཤིས་ལ་ཁེས་ཀྲུང་གོར་འཚམས་འདྲི་གནང་ནས་སྔོན་ལ་དབྱང་ཀྲོའུ་རུ་ཕེབས་ཤིང་།ཤིས་ལ་ཁེས་མིས་བཟོས་གཙང་པོ་ཆེན་པོར་ལྟ་ཙམ་བྱེད་ཀྱི་ཡིན་ཞེས་བརྗོད་པ་དང་།གཟིགས་སྐོར་གནང་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་བའི་དབང་གིས་སུའེ་རྒྱལ་རབས་དར་རྒུད་ཐད་ཀྱི་ཀུན་གྱི་གླེང་མོལ་བྱུང་ཡོད།

    ཤིས་ལ་ཁེས་ད་དུང་ཀྲུང་གོའི་རླབས་ཆེན་གྱི་སྙན་ངག་པ་ལི་པའེ་ལ་ཞིབ་འཇུག་ཟབ་མོ་གནང་ནས་འབྲེལ་ཡོད་ལི་པའེ་ཡི་གློག་བརྙན་འཁྲབ་ཚན་ལ་ཕྱག་བྲིས་གནང་རྩིས་གནང་ཡོད།

    ཤིས་ལ་ཁེས་ཀྲུང་གོའི་རིག་གནས་ལ་བརྩེ་དུང་ཟབ་མོ་བཅངས་པ་དང་ཀྲུང་གོའི་རིག་གནས་ལ་ཞིབ་འཇུག་གནང་བ་མ་ཟད།ཁོང་ནི་ཧྥ་རན་སེས་ཀྲུང་གོ་དང་རིག་གནས་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་མཁན་གཙོ་བོ་ཞིག་ཀྱང་ཡིན།

    2003ལོའི་ཟླ་10པ་ནས་2005ལོའི་ཟླ་10པའི་བར་ཀྲུང་གོ་དང་ཧྥ་རན་སེས་ཕན་ཚུན་དབར་རིག་གནས་ལོའི་བྱེད་སྒོ་སྤེལ་ཞིང་།དེ་ནི་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་ལོ་རྒྱུས་ཐོག་གི་གསར་གཏོད་ཅིག་ཡིན་ལ་ཀྲུང་གོས་མཛའ་གྲོགས་རྒྱལ་ཁབ་ཅིག་དང་ཕན་ཚུན་དབར་རིག་གནས་ལོའི་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་ཡང་ཡིན།

    2004ལོའི་ཟླ་10པར་ཤིས་ལ་ཁེས་ཀྲུང་གོར་འཚམས་འདྲི་གནང་བ་དང་འབྲེལ་ཧྥ་རན་སེས་ཀྲུང་གོར་སྤེལ་རྒྱུའི་རིག་གནས་ལོའི་བྱེད་སྒོའི་ཡོལ་ཁེབས་ཕྱེ་ཞིང་།ད་རེས་ཀྱི་འཚམས་འདྲིའི་བབས་ཚུགས་དང་པོ་དེ་ཁྲེང་ཏུར་བདམས་ནས་ཤིས་ལ་ཁེས་སི་ཁྲོན་གྱི་རིག་གནས་ཐད་ཀྱི་རང་ཉིད་ཀྱི་དགའ་སྣང་དེ་དཔལ་འབྱོར་དང་ཚོང་དོན་ཐད་ཀྱི་དོན་གཉེར་ལས་ཆེ་བ་ཡོད་ཅེས་གསུངས་པ་དང་འབྲེལ་གནས་མཇལ་བ་ཞིག་གི་སེམས་ཁམས་ཐོག་ནས“རླབས་ཆེན་གྱི་སྙན་ངག་པ”ཏུའུ་ཕུའུ་མཇལ་ཡོད།

    2006ལོའི་ཟླ་10པར་ཤིས་ལ་ཁེས་ཙུང་ཐུང་གི་འགན་ལོ་12བཞེས་རིང་གི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་བཞི་པ་དེ་གནང་ཞིང་།པེ་ཅིང་དང་ཝུའུ་ཧན་ལ་ཕེབས་རྗེས་ཤིས་ལ་ཁེས“བརྩེ་དུང་ཟབ་མོ་འཆང་བཞིན་དུ་ཀྲུང་ཧྭ་ཡི་ཤེས་དཔལ་གནས་མཆོག་ཤིས་ཨན་ལ་སླར་ཡང་འཚམས་འདྲི་གནང་ཡོད”

    ཤིས་ཨན་ལ་འབྱོར་རྗེས་ཤིས་ལ་ཁེས་ཐད་ཀར་ལོ་ཕྱེད་ཀྱི་གོང་དུ་བསྐྲུན་མ་ཐག་པའི་ཀྲུང་གོའི་རྦད་དེ་ས་འོག་ཏུ་ཡོད་པའི་བང་སོའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་པོ་སྟེ་དུས་རབས་20པའི་ནང་གི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེན་དེར་འཚམས་འདྲི་བྱས་པ་དང་དེའི་ནང་གཙོ་བོ་ཧན་ནུབ་མའི་ཅིང་ཏི་རྒྱལ་པོའི་བང་སོ་དང་དེ་བཞིན་དེ་དང་མཉམ་དུ་དུར་སྦས་བཏང་བའི་བང་སོའི་ཚོགས་ཀྱི་རིག་དངོས་ཧན་དབྱང་བང་སོ་གཙོ་བོར་མངོན་ཡོད།ཧྲའན་ཤིས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ཁོང་གི་ད་ཐེངས་ཀྱི་འཚམས་འདྲིར་བཀོད་སྒྲིག་བྱས་པའི་ཆེད་དམིགས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་།འགྲེམས་སྟོན་དེ་བརྒྱུད་ཤིས་ལ་ཁེས་འགྲེམས་སྟོན་ཁང་ནང་ཉར་ཚགས་བྱས་པའི་ལི་ཆས་དང་།ཐང་རྒྱལ་རབས་ཀྱི་ལྡེབས་རིས།རིམ་པ་མཐོ་ཤོས་ཡིན་པའི་གཡང་ཊིའི་ཡོ་ཆས་ཏེ་རུའེ་གུང་ལྷ་ལྕམ་གྱི་རྒྱན་ཆས་ལྟ་སྐོར་བྱེད་མཁན་ཕྱི་རྒྱལ་གྱི་གཙོ་བདག་ཨང་དང་པོ་དེར་གྱུར་ཡོད།ཀྲུང་གོའི་རིག་གནས་སྐོར་བརྗོད་པ་ཞེས་པའི་བྱེད་སྒོ་ཧྥ་རན་སེར་གཉེར་རིང་སི་ཁྲོན་སན་ཤིན་ཏུའེ་ཡི་རྩ་ཆེའི་དངོས་རྫས་དེ་ཕ་རི་སི་གྲོང་ཁྱེར་སྲིད་གཞུང་དུ་གཉེར་ཡོད།ཀྲུང་གོའི་རིག་དངོས་དང་ལྷག་པར་དུ་ལི་ཆས་འགྲེམས་སྟོན་ཞིག་ཡིན་ཕྱིན་ཤིས་ལ་ཁེས་དེ་གར་ལྟ་སྐོར་དུ་བསྐྱོད་ཀྱི་ཡོད།

    2009ལོར་ཤིས་ལ་ཁེས་སླར་ཡང་ཤིས་ཨན་དུ་ཡོང་ནས་ཙུང་ཐུང་གི་ལས་འགན་བཤོལ་རྗེས་རང་མོས་ཀྱི་རྣམ་པའི་ཐོག་ནས“ཀྲུང་གོའི་ལོ་རྒྱུས་དང་ལི་ཆས་ལ་དེ་བས་ཞིབ་ཚགས་ངང་མྱོང་རོལ་བྱ་རྒྱུའི་འདུན་པ་དེ”འགྲུབ་ཐུབ་པ་བྱུང་ཡོད།

    ད་ཆ་ཤིས་ཨན་གྱི་ཆིང་རྒྱལ་རབས་ཀྱི་དུར་རྫས་རྫ་བཟོས་གྱད་རྟའི་རྟེན་རྫས་བཤམས་མཛོད་ཁང་གི་འཛུལ་སྒོའི་ཐོག་ཏུ་ཤིས་ལ་ཁེས་དུར་རྫས་རྫ་བཟོས་གྱད་རྟར་གཟིགས་སྐོར་གནང་བའི་སྐུ་པར་བཀལ་ཡོད་པ་དེ་ལས་མི་རྣམས་ལ་གྲོགས་པོ་ཧྥ་རན་སེ་བ་དེས་དུར་རྫས་རྫ་བཟོས་གྱད་རྟ་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་པ་མངོན་ལ།ཁོང་གིས་ཀྲུང་ཧྭ་ཡི་རིག་གནས་ལ་སེམས་ཀྱི་གཏིང་ནས་དགའ་པོ་བྱེད་པ་མངོན་གྱི་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག