མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བའི་བར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་མཁན་ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ཚེས21ཉིན་པེ་རུ་ཐི་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བའི་བར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་དང་གྲོས་མོལ་བྱས་པ་དང་། ལེ་པཱ་ནུན་གྱི་སྲིད་གཞུང་གསར་བར་གྲོས་ཁང་གི་ཡིད་ཆེས་ཐོབ་པར་རྟེན་འབྲེལ་ཞུས། ཕྱོགས་གཉིས་ཀྱིས་ད་རུང་ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་དང་མཉམ་འབྲེལ་རྒྱལ་ཚོགས་དང་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བའི་བར་གྱི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་སྲིད་གཞུང་གསར་བའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་པ་ལས་ལེ་པཱ་ནུན་གྱི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་རྒྱལ་ཁབ་ལས་ཁུངས་ཀྱི་མུ་འབྲེལ་རང་བཞིན་མངོན་པར་མཚོན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཡོད་ལ། ལེ་པཱ་ནུན་གྱི་སྲིད་གཞུང་གིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་བའི་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བས་བདེ་འཇགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དེ་ཐོག་མའི་ལས་འགན་དུ་རྩིས་པར་དགའ་བསུ་ཞུས། ཁོས་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས།

ལེ་པཱ་ནུན་གྱི་སྲིད་གཞུང་གསར་བར་ཚེས་ཉི་ཤུའི་ཉིན་རྒྱལ་དམངས་གྲོས་ཁང་ནས་འདེམ་ཤོག་འཕང་སྟེ་ཡིད་ཆེས་ཐོབ། ཙུང་ལི་སཱ་ལཱ་མུའུ་ཡིས་བསྟན་དོན། དཀའ་ཁག་གི་དུས་རིམ་ཁྲོད་བཙུགས་པའི་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བས་རྒྱལ་ཁབ་ཀྱི་བདེ་འཇགས་སླར་གསོ་བྱེད་པ་དང་། སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་པ། དུས་ལྟར་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་བཅས་བྱ་བ་སྣ་གསུམ་གཙོ་བོར་བཟུང་སྟེ་དམ་འཛིན་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག