མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཞི་བདེའི་ཕྱི་འབྲེལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་དང་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

ཟླ3པའི་ཚེས13ཉིན། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅི་ཧྥུའུ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས21ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། ངེས་པར་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཚབ་མ་ཐུའུ་ཨར་ཆི་ནོའུ་ཧྥུའུ་དང་གྲོས་མོལ་བྱས་རྗེས་ཕན་ཅི་ཝུན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མིག་སྔའི་ཉམས་ཉེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྩ་དོན་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་། ཞི་བདེ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ལ། ཝུའུ་ཁི་ལན་གྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་དགོས་ཟེར།

2013ལོའི་ཟླ11པར། ཝུའུ་ཁི་ལན་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་བར་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་གྲ་སྒྲིག་བྱ་བ་མཚམས་བཞག་པ་ལས་ངོ་རྒོལ་བྱ་འགུལ་བྱུང་། ཉིས་སྟོང་བཅུ་བཞི་ལོའི་ཟླ2པའི་ཚེས22ཉིན་སྲིད་འགྱུར་བྱུང་སྟེ། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡི་དབང་ཆ་བླངས་པ་དང་། རྩ་ཁྲིམས་ལ་བཟོ་བཅོས་བྱས་པར་མ་ཟད། གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་རྒྱལ་ཁབ་མགོ་གཙོའི་འགན་འཁྲི་ལག་བསྟར་བྱེད་པའི་བཅོལ་གདམ་བྱས་པ་དང་། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ5བའི་ཚེས25ཉིན་སྤེལ་རྒྱུ་ཐག་བཅད།

སྲིད་འགྱུར་ལ་ཡི་རང་མེད་པའི་ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་གྱིས་ཚེས16ཉིན་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་བ་དང་། འདེམ་ཤོག་འཕང་བའི་མཇུག་འབྲས་ལྟར་ན། འདེམ་དམངས་བརྒྱ་ཆའི་གོ་བདུན་ཙམ་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་འཐད་པ་བྱུང་བ་རེད།

ཨུ་རུ་སི་དང་ཁི་ལི་མུས་ཡཱ་ཡིས་ཚེས18ཉིན་སྤྱི་མཐུན་རྒྱལ་ཁབ་དང་སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་ཆིངས་ཡིག་བཀོད། མིག་སྔར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མིང་བཀོད་དེ་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་བཅའ་ཁྲིམས་ཀྱི་འགྲོ་ལུགས་ཚང་མ་ཡོངས་འགྲུབ་བྱས་ཏེ་ཆིངས་ཡིག་དེ་དངོས་སུ་ནུས་ལྡན་དུ་གྱུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག