མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ལས་དཔོན་གྱི་གསང་བའི་ཁ་པར་འབྱོར་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཡེ་ཧེ་ཡཱ་ཡིས་ཚེས21ཉིན་ཅི་ལུང་ཕའོ་ཡི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། གསར་འགྱུར་ལས་རིགས་ལ་ལས་བསྒྲགས་པའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ལས་དཔོན་གྱི་གསང་བའི་ཁ་པར་འབྱོར་མྱོང་བར་བརྗོད་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ལས་དཔོན་ཀྲ་ཧཱ་ལི་ཡིས་གནམ་གྲུ་མ་འཕུར་གོང་གསང་བའི་ཁ་པར་བཏང་མྱོང་བ་དང་། ཁ་པར་དེ་གནམ་གྲུའི་ཁ་ལོ་བའི་འཁོར་ཁང་ནས་བཏང་བ་རེད་ཟེར། དེ་ལས་ཁ་པར་གྱི་ནང་དོན་ཅི་ཡིན་གསལ་བོར་བཤད་མེད་པ་དང་། རྟོག་ཞིབ་མི་སྣས་ཁ་པར་དེ་གནམ་གྲུ་གར་སོང་མ་ཤེས་པར་འབྲེལ་བ་ཡོད་པར་དོགས་པ་ཟ་བཞིན་ཡོད་ཟེར།

མཱ་ལེ་ཞི་ཡཱའི་འགྲིམ་འགྲུལ་བློན་ཆེན་ཚབ་མ་ཞེ་ཧྲ་མུའུ་ཏེན་གྱིས་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་རྒུད་སྐྱོབ་རུ་ཁག་གི་གནས་ཚུལ་ལ་སྒུག་ཡོད་པ་དང་། ལྷོ་བྱང་ས་ཁོངས་གཉིས་ཀྱི་སྔོག་བཤེར་བྱ་བའང་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

ཞེ་ཧྲ་མུའུ་ཏེན་གྱིས་བསྟན་དོན། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས་ཉེར་གཅིག་ཉིན་ཁ་པར་གྲོས་མོལ་བྱས་པ་དང་། དབྱིན་ཇི་ཕྱོགས་ཀྱིས་གང་ནུས་ཀྱིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་སྔོག་བཤེར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མིག་སྔར་ཧིན་རྡུ་རྒྱ་མཚོར་ཡོད་པའི་དབྱིན་ཇིའི་རྒྱལ་བོ་ཚང་གི་མཚོ་དམག་གྲུ་གཟིངས་དེ་དམིགས་སའི་མཚོ་ཁོངས་སུ་སྔོག་བཤེར་ལ་རམ་འདེགས་བྱེད་པར་འགྲོ་བཞིན་ཡོད་ཟེར།

ཞེ་ཧྲ་མུའུ་ཏེན་གྱིས་ད་རུང་བཤད་རྒྱུར། ཁོས་ཚེས21ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཆུ་འོག་གི་སྒྲ་རླབས་གསར་འབྱེད་སྒྲིག་ཆས་སོགས་སྔོན་ཐོན་གྱི་ཆེད་ལས་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག