མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨུ་རུ་སི་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས20ཡི་ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཞོར་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་བྱ་སྤྱོད་སྤེལ་མི་རུང་བའི་ཉེན་བརྡ་བཏང་།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁོས་དེའི་སྔོན་བཀོད་པའི་སྲིད་འཛིན་བཀའ་རྒྱའི་རྨང་གཞིའི་སྟེང་ཨུ་རུ་སིའི་དཔོན་རིགས་ཀྱི་བཀག་སྡོམ་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད་ལ། སྐོར་ཐེངས་གསར་བའི་བཀོད་སྡོམ་བྱེད་ཐབས་ལ་ཨུ་རུ་སིའི་མགོ་ཁྲིད་རིམ་པར་འབྲེལ་བ་ཟབ་པའི་མི་སྒེར་སྐོར་ཞིག་དང་བཀག་སྡོམ་ཐེབས་པའི་མི་སྣ་དེ་དག་ལ་ཞབས་ཞུ་འདོན་སྤྲོད་བྱེད་པའི་དངུལ་ཁང་ཞིག་བཅས་འདུས་ཡོད་ཟེར།

དེ་ལས་གཞན་ཨོ་པཱ་མཱ་ཡིས་ཉིན་དེར་སྲིད་འཛིན་བཀའ་རྒྱ་གསར་བ་བཀོད་དེ། ཨ་མེ་རི་ཁས་ནུས་ཁུངས་ལས་རིགས་དང་བཅས་པའི་ཨུ་རུ་སིའི་དཔལ་འབྱོར་ཁྱབ་ཁོངས་སུ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་ཆོག་མཆན་བཀོད།

ཨོ་པཱ་མཱ་ཡིས་ད་རུང་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ས་ཁུལ་གཞན་པར་འགུལ་སྐྱོད་སྤེལ་མི་རུང་བ་དང་། གལ་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ན། ཨུ་རུ་སི་གྲོགས་མེད་ཁེར་རྐྱང་དུ་འགྲོ་སྲིད་ཟེར།

ཚེས་བཅུ་བདུན་ཉིན། ཨོ་པཱ་མཱ་ཡིས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བའི་ཐད་འགན་འཁྲི་ཡོད་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དཔོན་རིགས་བཅུ་གཅིག་ལ་ལམ་ཡིག་མི་སྟེར་བ་དང་རྒྱུ་ནོར་ཉར་འཇོག་བྱེད་པ་སོགས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག