ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གྲོས་ཁང་རྒྱལ་སྤྱིའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་ཚེས20ཡི་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ནས་ཚོང་རྫས་ནང་འདྲེན་བྱེད་པའི་སྒོ་ཁྲལ་མེད་པར་བཟོས་ཏེ། ཝུའུ་ཁི་ལན་དེང་སྐབས་ཀྱི་ནོར་སྲིད་དང་དཔལ་འབྱོར་གྱི་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་རྒྱུའི་གྲོས་གཞི་བཏོན།
ཡོ་རོབ་གླིང་གྲོས་ཁང་རྒྱལ་སྤྱིའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཝུའུ་ཁི་ལན་དཀའ་ཁག་མང་བོར་འཕྲད་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་མྱུར་མོར་ཝུའུ་ཁི་ལན་ལ་རོགས་རམ་ཆེན་པོ་བྱེད་དགོས་ཟེར། ཨུ་ཡོན་ལྷན་ཁང་དེས་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་གཞན་པས་གྲོས་གཞི་དེ་ལས་བཏོན་པའི་བྱེ་བྲག་གི་བྱེད་ཐབས་ལ་མྱུར་དུ་ཆོག་མཆན་བཀོད་ནས། གྲོས་གཞི་དེ་ད་ལོའི་ཟླ་ལྔ་བར་ལག་ལེན་དུ་བསྟར་ཐུབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་གཞི་བྱེད་ཐབས་དེ་ལག་བསྟར་བྱས་རྗེས། ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཕྱིར་གཏོང་བྱེད་པའི་ཚོང་རྫས་བརྒྱ་ཆའི་གོ་བརྒྱད་ཀྱི་སྒོ་ཁྲལ་མེད་པར་བཟོ་སྲིད་པ་དང་། དེ་ལས་ཝུའུ་ཁི་ལན་གྱི་བཟོ་སྐྲུན་ཚོང་བ་དང་ཕྱིར་གཏོང་ཚོང་བས་ལོ་རེར་ཡོ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བདུན་གྱི་འགྲོ་སོང་གྲོན་ཆུང་བྱེད་ཐུབ་པ་རེད། །