མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་མང་བོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས20ཡི་ཉིན་ཨ་མེ་རི་ཁའི་དཔོན་རིགས་དང་གྲོས་མི9ལ་འཁོན་ལན་སློག་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཚེས་བཅུ་བདུན་ཉིན་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་ཐད་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་རྒྱུུ་ཁྱབ་བསྒྲགས་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་དུ། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་དཔོན་རིགས་དང་གྲོས་མི་ལ་དགོས་ངེས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། བཀག་སྡོམ་བྱེད་ཐབས་སྤྱོད་པའི་མིང་ཐོའི་གྲས་སུ་ཡོད་པའི་ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་ལ་ཨ་མེ་རི་ཁའི་གྲོས་ཁང་གི་གཙོ་འཛིན་ལི་ཏི་དང་གྲོས་ཁང་གི་གྲོས་མི་པའོ་ནཱ། གྲོས་མི་མེད་ཁའེ་ཨིན། དེ་མིན་ཙུང་ཐུང་གི་ལས་རོགས་པ་དང་བློ་འདོན་པ་མང་བོ་འདུས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་དེའི་ནང་ཡང་བསྐྱར་ནན་གྱིས་བསྟན་དོན། ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་མཐུན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་དཔོན་རིགས་བདུན་དང་ཝུའུ་ཁི་ལན་གྱི་དཔོན་རིགས་བཞི་ལ་ལམ་ཡིག་མི་སྟེར་བ་དང་རྒྱུ་ནོར་ཉར་འཇོག་བྱེད་པ་སོགས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་སྤྱད་པའི་ཨུ་རུ་སིའི་དཔོན་རིགས་ལ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་། ཙུང་ལི་གཞོན་པ་ལོ་ཀི་ཅིན། ཙུང་ཐུང་ཕུའུ་ཅིན་གྱི་བློ་འདོན་པ་གཉིས་ཏེ་སུའུ་ཨར་ཁི་ཧྥུའུ་དང་ཀི་ལཱ་ཅི་ཡེ་ཧྥུའུ་སོགས་ཡོད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་གནད་དོན་ལ་ཡང་བསྐྱར་བསམ་བློ་གཏོང་མི་སྲིད་པ་དང་། དམངས་ཡོངས་ཀྱི་བརྡས་གཅོད་བྱས་ཏེ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་ཐག་བཅད་པ་ལས་ཁི་ལི་མུས་ཡཱའི་མང་ཚོགས་མང་བོའི་རེ་འདོད་མཚོན་ཡོད་པས་དེར་བརྩི་འཇོག་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་ད་རུང་ཝུའུ་ཁི་ལན་དུ་རྒྱལ་སྤྱིའི་ལྟ་རྟོག་ཚན་ཆུང་མངག་གཏོང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་དེའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པར་ཡར་སྐུལ་དང་ས་དེའི་གྲངས་ཉུང་རིགས་རྒྱུད་ཚོ་ཁག་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག