མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མངའ་ཁོངས་བརྒལ་བའི་རླུང་ཁམས་སྦགས་བཙོག་བཅོས་སྐྱོང་བྱེད་པར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མངའ་ཁོངས་བརྒལ་བའི་རླུང་ཁམས་སྦགས་བཙོག་བཅོས་སྐྱོང་བྱེད་ཐབས་ལ་དམིགས་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་སྲིད་ཇུས་གྲོས་མོལ་དེ་ཚེས་ཉི་ཤུའི་ཉིན་པེ་ཅིན་ནས་བསྡུས། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། འཇར་པན་དང་ཀྲུང་གོ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མི་མཉམ་དུ་འཛོམས་པ་ནི་རྒྱལ་ཁབ་གསུམ་གྱི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་འགྲོ་བའི་སྔ་ལྟས་བཟང་བོ་ཞིག་ཡིན་པར་འདོད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། མངའ་ཁོངས་བརྒལ་བའི་རླུང་ཁམས་སྦགས་བཙོག་བཅོས་སྐྱོང་བྱེད་པའི་མཉམ་ལས་བྱེད་ཐབས་ལ་གྲོས་བསྡུར་བྱེད་ཆེད། འཇར་པན་དང་ཀྲུང་གོ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཁོར་ཡུག་སྡེ་ཁག་གི་དཔོན་རིགས་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་གི་ཆེད་མཁས་པ་ཐོག་དང་པོར་པེ་ཅིན་དུ་འཛོམས་ནས་གྲོས་མོལ་བྱས་པ་རེད། ཐེངས་འདིའི་གྲོས་ཚོགས་སྐབས་ཀྲུང་གོའི་འཐུས་མིས་བསྟན་དོན། འཇར་པན་དང་ཧན་གོ་རྒྱལ་ཁབ་ལ་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པར་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་ཀྲུང་གོས་དེ་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན་ཟེར། དེ་ལས་ཀྲུང་གོས་འཇར་པན་དང་ཧན་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་པའི་རྣམ་འགྱུར་མཚོན་ཡོད། འཇར་པན་ཕྱོགས་ཀྱི་འཐུས་མིས་ཐེངས་འདིའི་གྲོས་ཚོགས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཕྱིན་ཆད་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཞིབ་འཇུག་ནང་དོན་མཉམ་དུ་སྤྱོད་དགོས་པའི་རེ་བ་བཏོན། བསྒྲགས་པ་ལྟར་ན། འཇར་པན་ཕྱོགས་ཀྱིས་ཁོར་ཡུག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟེན་ནས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་སླར་གསོ་བྱེད་རྩིས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཁོར་ཡུག་སྡེ་ཁག་གིས་རླུང་ཁམས་ཆེན་མོའི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པར་གྲོས་འཆམ་བྱུང་རྗེས། དུས་བཅད་ལྟར་གྲོས་མོལ་བྱེད་པའི་གྲོས་ཚོགས་ཐོག་མ་རེད།

ཧན་གོའི་ཉིག་ཞི་སི་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུའི་ཉིན་བསྒྲགས་དོན། གྲོས་མོལ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་།ཕྱིན་ཆད་རྒྱལ་ཁབ་གསུམ་གྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག