མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་དུ་འགྲོ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚན་ཆུང་མངག་གཏོང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-15 12:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཞི་མིན་ནོའུ་ཝེ་ཆི་ཡིས་ཚེས14ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་ཝུའུ་ཁི་ལན་དུ་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་མངག་གཏོང་བྱས་ཏེ། དངོས་ཡོད་དང་མཐུན་པའི་སྒོ་ནས་ཁི་ལི་མུས་ཡཱ་དང་བཅས་པའི་ཝུའུ་ཁི་ལན་གྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་བརྙན་རིས་སྐུད་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཝུའུ་ཁི་ལན་གྱི་ཅི་ཧྥུའུ་རུ་ཡོད་པའི་ཞི་མིན་ནོའུ་ཝེ་ཆི་ཡིས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་དང་ཁི་ལི་མུས་ཡཱའི་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཆེས་ཉེན་ཁ་ལྡན་པ་ནི་གཞི་རྒྱ་ཆེ་བའི་འགྲོ་མིའི་ཐོབ་ཐང་ལ་འགལ་བའི་བྱ་སྤྱོད་བྱུང་བར་སྒྲོག་བཞིན་ཡོད། དམངས་ཁྲོད་ཀྱི་རྩ་འཛུགས་རེ་འགས་ཁོ་ལ་གྲོས་གཞི་བཏོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུས་གནས་དང་བློ་གཏད་རུང་བའི་ལྟ་ཞིབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཀྱང་ཚེས13ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་རེ་ཞུ་བྱས་ཏེ། ཝུའུ་ཁི་ལན་དུ་འགྲོ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚན་ཆུང་མངག་གཏོང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཕན་ཅི་ཝུན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པས་སི་རི་ཡཱའི་གནད་དོན་ཐད་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་རྗེས་ཝུའུ་ཁི་ལན་གྱི་གནས་བབ་གླེང་། ཁོས་གསར་འགོད་པར་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་དེ་ཐག་གཅོད་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པ་དང་། སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་ཀྱང་། ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པར་སྔར་བཞིན་རེ་བ་ཆེན་པོ་ཡོད་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་དཀྲུག་འཕེན་གྱི་གཏམ་སྤྱོད་དང་འོལ་ཚོད་ཀྱི་ཐག་གཅོད་སྔོན་འགོག་བྱེད་པ་དང་། ཐད་ཀར་གྲོས་མོལ་བྱས་ཏེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་རྨང་འདིང་དགོས་པའི་སྐུལ་མ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག