ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས14ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་ལ་ཆབ་སྲིད་ཀྱི་ཁྲིམས་མཐུན་རང་བཞིན་དང་བཅའ་ཁྲིམས་ཀྱི་ནུས་པ་མི་ལྡན་ཟེར།
ལཱ་སི་མུའུ་སིན་གྱིས་ཉིན་དེར་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་གསལ་སྒྲོག་སྤེལ་ཏེ། ཚེས་བཅུ་དྲུག་ཉིན་སྤེལ་རྒྱུ་ཡིན་པའི་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཐད་ཀར་ཝུའུ་ཁི་ལན་གྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་ཅིང་། དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། གལ་ཏེ་བྱ་འགུལ་དེ་སྤེལ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་རེ་འདོད་རྩ་བ་ནས་བརླག་སྲིད་ཟེར།
ལཱ་སི་མུའུ་སིན་གྱིས་ད་རུང་ཨུ་རུ་སི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་དང་དུ་བླངས་ཏེ། ཝུའུ་ཁི་ལན་གྱི་གནད་དོན་ཐད་འགན་ཁུར་བའི་འགུལ་སྐྱོད་སྤེལ་དགོས་པའི་སྐུལ་མ་བཏང་། ཁོས་ནན་གྱིས་བསྟན་དོན། གྲོས་མོལ་ལ་བརྟེན་ནས་དེང་སྐབས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཟེར།
ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་དེ་ཁྲིམས་མཐུན་ཡིན་ཟེར། །